རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་པའི་གཏམ་ལས་འཕྲོས་ཏེ་དེང་དུས་ཀྱི་རིག་གསར་པ་རྣམས་ལ་སྔར་ཡོད་རིགས་པ་དེ་དག་གིས་སྐྱེ་བ་སྔ་ཕྱི་སྒྲུབ་ཐུབ་མིན་གྱི་སྐོར།

༈ ནམོགུརུམཉྫུཤྲཱིཀུམཱརབྷུཏཱཡ།


འགྱུར་མེད་གཡུང་དྲུང་ཆོས་སྐུའི་ཀློང་ནས་མཁྱེན་གཉིས་འོད་ཟེར་འབུམ་གྱི་གཟི།།
མ་རིག་མུན་པའི་གཤེད་དུ་འཆར་བས་འགྲོ་ཀུན་སྣང་བའི་ལམ་མཆོག་ལ།།
འདྲེན་པའི་བྱེད་པོ་མཆོག་ཏུ་བསྔགས་དེས་བདག་བློ་ཆུ་སྐྱེས་གསར་པའི་ཚལ།།
སྤོབས་པའི་འདབ་སྟོང་ཕྱོགས་མཐར་འབྱེད་པའི་དགེ་ལེགས་སྣང་བ་དེང་འདིར་སྩོལ།།

འདི་ན་ཐ་སྙད་རིགས་པར་སྨྲ་བའི་རྒྱུ་སྐར་གྲངས་ཀྱིས་མི་ལོང་ཡང༌།།
ཆེས་ཆེར་འཕགས་པའི་རི་བོང་འཛིན་ལྟར་བློ་གྲོས་དཀྱིལ་འཁོར་རབ་རྫོགས་ཏེ།།
འཁྲུལ་མེད་ལེགས་བཤད་འོད་སྣང་དམ་པས་ལོག་རྟོག་ཚ་གདུང་འཇོམས་པ་ལ།།
དྷརྨཀིརྟིའི་མཛད་པར་འགྲན་པའི་བཤེས་གཉེན་ཀུན་ལའང་དད་ཕྱག་བརྩེགས།།

ཞེས་སྲོལ་བཟང་གི་འགྲོས་སྔོན་དུ་བཏང་ནས་གོང་གསལ་གྱི་བརྗོད་གཞིའི་སྐོར་ལས་འཕྲོས་ཏེ་ཕྱི་རོལ་རྒྱང་འཕེན་པའི་ངོར་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་བྱེད་ཀྱི་རིགས་པའི་རྣམ་གྲངས་ཇི་སྙེད་པ་འདི་དག་གི་ལམ་ནས་དེང་རབས་ཀྱི་རིག་གསར་དུ་གྲགས་པའི་ཚན་རིག་གི་ངོར་འཇིག་རྟེན་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་རྣམ་དག་ཅིག་འགོད་ཐུབ་བམ་མི་ཐུབ་ཅེས་པའི་དོགས་དཔྱོད་འདི་སྐབས་ཐོབ་ཀྱི་གླེང་གཞི་གཙོ་བོ་ཡིན་ལ། སྤྱིར་གནའ་དེང་གི་རིགས་པའི་རྣམ་གཞག་ལ་ཚུལ་བཞིན་ལྟ་བའི་ཤེས་རབ་ཀྱི་འདྲེན་བྱེད་དང་བྲལ་བ་ཞིག་གིས་རིགས་སྨྲ་མཁས་དབང་བརྒྱ་ཕྲག་གི་དབུས་སུ་ཇི་ལྟར་སྨྲ་ནའང་ལོང་བས་གླང་ཆེན་གྱི་གཟུགས་ལ་གཞལ་བའི་དཔེ་ཟླར་འགྱུར་བ་ལས་མ་འདས་པས་གཟུར་གནས་བློ་གྲོས་ཀྱི་དཔལ་ལ་དབང་བ་དག་གིས་བཞད་གད་ཀྱི་ཡུལ་ལས་མ་གྱུར་མོད། 
འོན་ཀྱང་མཁས་པའི་ལེགས་བཤད་རྨད་དུ་བྱུང་བའི་སྒྲོས་ལ་བརྟེན་ནས་གླེང་གཏམ་འགའ་ཞིག་སྤེལ་བའང་སྐབས་སུ་བབ་པའི་འགན་འཁྲི་ལས་མ་ལྡོག་ཙམ་མོ།།
        ལར་རང་རེའི་མཚན་ཉིད་རིགས་པའི་གཞུང་ལུགས་སུ་བསྟན་པའི་ཉེར་ལེན་སྔོན་སོང་གི་རིགས་ལམ་འདི་ཉིད་ཀྱིས་གཙོས་སྐྱེ་བ་སྔ་ཕྱིའི་སྒྲུབ་བྱེད་དེ་དག་གིས་ཚན་རིག་གི་ངོར་འཇིག་རྟེན་སྔ་ཕྱིའི་རྣམ་གཞག་སྒྲུབ་ནུས་མིན་གྱི་དཔྱད་གཏམ་ཅི་རིགས་ཡོད་པར་སྣང་ཡང༌། གུས་པར་སྐྱེས་སྟོབས་ཀྱི་ཤེས་རབ་དམན་པས་ལན། དོན་གྱི་གནད་དོན་ལ་ཐད་ཀར་འཇུག་པའི་ནུས་པ་བྲལ་སྟབས་ཅི་ཞིག་ལ་ཡིད་རྟོན་བྱེད་དགོས་མིན་མི་ཤེས་ཀྱང༌། རྣམ་རྟོག་གི་འཕྲོ་འདུའི་འོག་སྨྱུག་ཁ་འདི་ལྟར་སྐོར་བ་ལ་སྤྲོ་སྟེ། འགའ་ཞིག་གི་བློ་ངོར་ཚན་རིག་ཅེས་བརྗོད་སྐབས་རིག་གསར་འདི་པའི་ཐབས་ལམ་འོག་བརྟན་གཡོའི་འཇིག་རྟེན་གྱི་གནད་དོན་ཡོད་ཚད་གཏན་འབེབས་དང་ཐག་གཅོད་བྱེད་ནུས་ཤིང༌། འདི་ནི་མཐའ་མེད་ཀྱི་འཚོལ་སྙེག་ཅིག་ཏུ་འདོད་པར་གདོན་མི་ཟ་མོད། གཟུར་གནས་མཁས་དབང་དག་གི་གསུང་རབ་ལས་གསལ་བའི་སྙིང་དོན་ནི་འདི་ལྟ་སྟེ། ཨི་སེཀ་ནིའུ་ཊོན་(Sir Isaac Newton 1643-1727) གྱིས་ཕྱི་དངོས་པོའི་རྣམ་གཞག་ལ་ལྟ་བ་གསར་སྐྲུན་མཛད་པའི་ལོ་སྟེ་ཕྱི་ལོ་ ༡༦༨༧ ལོ་ནས་བཟུང་ད་བར་རིག་གསར་པ་མི་ཉུང་བ་ཞིག་གིས་གསར་གཏོད་མཛད་པའི་ཚན་རིག་ཅེས་པ་འདི་ནི་ཕྱི་དངོས་བེམ་གཟུགས་ཀྱི་དོན་ཁོ་ན་ལ་ཞིབ་དཔྱད་ཀྱིས་སྔར་མ་གྲགས་པའི་ཤེས་བྱའི་རྣམ་གྲངས་ཅི་རིགས་གསར་སྐྲུན་བྱས་ཏེ་མངོན་སུམ་ལོངས་སྤྱོད་རྒྱུ་ཡོད་པ་ཞིག་ཏུ་གཏན་འབེབས་བྱས་དང་བྱེད་བཞིན་པ་འདི་ཡིན་ལ། ལུགས་འདིས་ཡོད་ཚད་བེམ་པོའི་ཕྱོགས་སུ་ཁུངས་གཏུགས་ཤིང་གསལ་རིག་གི་བདག་ཉིད་འདི་ཡང་བེམ་པོའི་ཁྱད་ཆོས་ཤིག་ལས་ལོགས་སུ་མི་འདོད་དེ། དཔེར་ན་འཇིམ་པའི་བདག་ཉིད་དེ་ལྟོ་ལྡིར་ཞིང་ཞབས་ཞུམ་པའི་གཟུགས་སུ་བྱས་སྐབས་བུམ་གཟུགས་རང་བཞིན་གྱིས་དོད་པ་བཞིན། འབྱུང་བ་ཁྱད་པར་བའི་ནུས་པ་ལྷན་དུ་འཚོགས་པས་གསལ་རིག་གི་ནུས་པ་འདི་བྱུང་བར་མགྲིན་གཅིག་ཏུ་སྒྲོག་པས་ཚེ་སྔ་ཕྱི་ཞེས་པ་ཞིག་ཁས་མི་ལེན། སྤྱིར་འབྱུང་བ་བེམ་པོའི་ཆ་འདི་ཉིད་ཡུལ་དབང་ཤེས་གསུམ་ཀུན་ཀྱི་ཐུན་མོང་གི་རྒྱུར་སྨྲས་ཤིང་འཇིག་རྟེན་སྔ་ཕྱི་གཏན་ནས་མི་འདོད་པ་ལ་ཕྱི་རོལ་མཚན་ཉིད་རིགས་པའི་གྲུབ་མཐའི་ཐ་མ་སྟེ། མུ་སྟེགས་རྒྱང་འཕེན་པ་དང་ཚན་རིག་བར་ཞེ་འདོད་ཀྱི་ལྟ་བ་མི་འདྲ་བ་མེད་མོད། འོན་ཀྱང་ཚན་རིག་དང་རྒྱང་འཕེན་གྱི་ལྟ་གྲུབ་གཉིས་འཕྲོས་དགོས་པའི་གཞི་རྩའི་རྒྱུ་མཚན་ནམ་འཁྲུལ་གཞི་གཉིས་པོ་གཏན་ནས་མི་འདྲ་སྟེ། ཚན་རིག་པས་ཤེས་པ་འདི་ཉིད་བེམ་པོའི་ནུས་པ་ཞིག་ཏུ་འདོད་པའང་མིའི་ཀླད་ཆེན་གྱི་མ་ལག་ཀླད་རྩ་འགའ་རེའི་ཐོག་སེམས་ཚོར་གྱི་འབྲེལ་བ་ཤུགས་ཆེ་བས་ཀླད་པའི་ཆ་ཤས་དེར་སྐྱོན་ཤོར་སྐབས་གང་ཟག་དེའི་རྒྱུད་ཀྱི་འཇིགས་སྐྲག་དང་ཞེ་སྡང་ལྟ་བུའི་རྟོག་པ་དག་འགག་པར་བརྟེན་ཤེས་པ་འདི་ཉིད་བེམ་པོའི་ནུས་པ་ཁྱད་པ་ཅན་ཞིག་ཏུ་འདོད་པའི་འཁྲུལ་གཞི་དེ་བྱུང་ཞིང༌། མིའི་རྣམ་པར་ཤེས་པའི་གནས་སའང་ཀླད་པར་འདོད་པ་ཙམ་ལ་མི་མཐུན་པ་མེད་པས་དེ་དག་གིས་སྐྱེ་བ་སྔ་ཕྱི་མི་འདོད་པའི་ལོག་རྟོག་གི་རྩ་བ་ནི་འདི་ཙམ་ཡིན་པར་ཐག་གིས་གཅོད་ནའང་མི་འཐད་པ་ཆེར་མེད་པར་སེམས་ཤིང༌། ཀླད་པའི་རྩ་ཕྲན་གྱི་འགུལ་བསྐྱོད་ཐད་ཞིབ་ཕྲའི་བརྟགས་དཔྱད་བརྒྱུད་ཚོར་འདུ་དང་ཀླད་རྩའི་བར་གྱི་འབྲེལ་བ་རྟོགས་པའི་ཉིན་ནས་བཟུང་སྔར་གྱི་དངོས་གཙོ་སྨྲ་བའི་རིང་ལུགས་པ་ཚོས་རྣམ་ཤེས་ནི་ཀླད་པའི་ཁྱད་ཆོས་ཤིག་ཏུ་འདོད་པའི་ལོག་རྟོག་དེ་ཉིད་སྲ་བརྟན་དུ་འགྱུར་བར་མངོན།
          མུ་སྟེགས་ཆད་པར་ལྟ་བའི་ལུགས་ལ་ནི། གཙོ་བོ་སྐྱེ་བ་སྔ་ཕྱི་མེད་པའི་རྒྱུ་མཚན་དུ་རིགས་པའི་སྒོ་གཅིག་པུ་ལས་གཞན་མེད་པ་དང༌། གྲུབ་མཐའ་འདིའི་བྱུང་ལུགས་ཀྱང་བསམ་བཞིན་བྱས་པའི་གཡོ་སྒྱུའི་འདུན་པ་སྔོན་དུ་སོང་བས་བྱུང་བ་ཞིག་ལས། རྒྱུ་མཚན་བཙལ་ཏེ་མ་རྙེད་པའམ་ཡང་ན་ཚན་རིག་ལྟར་རྒྱུ་མཚན་ལྟར་སྣང་བ་རེ་ཟུང་གི་སྟོབས་ལས་འཁྲུལ་གཞི་རྒྱུན་འབྱམས་ཀྱི་ལོག་རྟོག་བྱུང་བ་ཞིག་མིན་པའང་རང་རེའི་མཚན་ཉིད་རིག་པའི་གཞུང་ལུགས་དག་ལས་གསལ་བ་ལྟར་ཡིན་ལ། མདོར་ན་གཞི་རྩའི་འཁྲུལ་གཞི་ལ་ཁྱད་པར་ཇི་ལྟར་བྱུང་ཡང་རུང་སྟེ། དོན་དག་སྙིང་པོ་གཅིག་ཏུ་བསྒྲིལ་ན་རྣམ་ཤེས་འདི་ཉིད་བེམ་པོའི་ནུས་པ་ལས་གྲུབ་པར་བཤད་དེ་སྐྱེ་བ་སྔ་ཕྱི་མེད་པར་འདོད་པ་འདི་རང་ཅག་རྣམས་ཀྱི་དགག་བྱའི་གཙོ་བོ་ཡིན་ཞིང༌། བཤད་མ་ཐག་པ་ལྟར་འདི་པའི་ལུགས་ལ་རྣམ་པར་ཤེས་པ་མིན་པ་ཞིག་རྣམ་པར་ཤེས་པའི་ཉེར་ལེན་དུ་འདོད་པས། ང་ཚོའི་མཚན་ཉིད་རིགས་པའི་གཞུང་ལུགས་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་པའི་རིགས་པ་འདི་འདྲ་བ་ཁོ་ནས་ཁོང་ཚོའི་ངོར་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་ནུས་པའི་གོ་སྐབས་ལྟ་ཞོག རྒྱུ་མཚན་ཡང་དག་གི་གྲུབ་དོན་དུ་དངོས་ཡོད་གནས་ཚུལ་མིག་མཐོང་ལག་ཟིན་ཞིག་འཇོག་རྒྱུ་ཡོད་ནའང་རང་སྟོབས་ཀྱིས་ཐག་གཅོད་འོག་གཏན་འབེབས་མ་བྱུང་བར་སོམ་ཉིའི་བློ་ལྡོག་ཐབས་མེད་པ་ཞིག་ཡིན་པས། གཟུར་གནས་མཁས་དབང་དག་གིས་གོ་བདེའི་རིགས་ལམ་རེ་བསྐོར་ཏེ་ཚར་གཅོད་རྗེས་འཛིན་མི་གནང་བར་བརྟག་དཔྱད་བརྒྱ་ཕྲག་གི་ཕ་རོལ་ན་ཀླད་པ་ཡེ་མེད་ཀྱང་སྤྱོད་ལམ་སོགས་གང་ཅིའི་ཐད་སྤྱིར་བཏང་གི་མི་དཀྱུས་མ་དང་ཁྱད་པར་གཏན་ནས་མེད་པའི་གང་ཟག་མི་ཉུང་བ་ཞིག་བཙལ་ཏེ་མཚན་གཞིར་བཞག་ཅིང་རྣམ་ཤེས་ཀླད་པའི་ཁྱད་ཆོས་སུ་འདོད་པའི་ལུགས་དགག་པ་དང༌། སྐྱེ་བ་སྔ་ཕྱི་དྲན་མཁན་གྱི་སྐྱེ་བོ་མང་པོ་དག་ལ་བཅར་དྲིས་དང༌། གཉིད་འབེབས་སོགས་ཐབས་ལམ་ཡོད་དགུུ་ལག་བསྟར་གྱིས་གནས་ཚུལ་ཚད་ལྡན་དག་ར་སྤྲོད་མཛད་དེ་ལུས་ལས་གཞན་དུ་གྱུར་པའི་རྣམ་ཤེས་དང༌། ཚེ་སྔ་ཕྱི་ཡོད་པ་སོགས་འབད་པ་དུ་མས་བསྒྲུབས་པ་ཡང་ཕྱི་རྒོལ་འདི་པའི་ངོར་རིགས་པ་རྩལ་འདོན་གྱིས་དགག་སྒྲུབ་ལ་དགེ་མཚན་ཆེར་མེད་པས་ལན་པར་སེམས་ལ། ༧གོང་ས་མཆོག་གི་ཞལ་སྔ་ནས་ཚན་རིག་འདི་སངས་རྒྱས་པའི་མཚན་ཉིད་རིག་པའི་གཞུང་ལུགས་ནས་རྩལ་བཏོན་མཛད་པའི་བདེན་བཞིའི་ཡ་གྱལ་ལས་སྡུག་བདེན་གྱི་ཆ་ཤས་ཤིག་གཏན་འབེབས་བྱེད་མཁན་ཡིན་པར་གསུངས་པ་བཞིན། གཟུགས་ཅན་གྱི་དངོས་པོ་ཕྲ་རགས་ཚུར་མཐོང་གི་ངོར་མངོན་རུང་བ་ཁོ་ནར་བརྟགས་དཔྱད་ཀྱིས་མཐའ་བསྡོམས་བྱེད་པ་ལས་གཟུགས་མེད་སེམས་ཀྱི་གནད་དོན་ནི་རིག་གསར་འདི་པའི་འཚོལ་ཞིབ་ཀྱི་ར་བ་ལས་འདས་པས། མགོན་པོ་གང་གིས་བགྲང་བྱ་མང་པོའི་རིང་འཛམ་གླིང་ཞི་བདེའི་གནད་དོན་དང་འབྲེལ་ཏེ་ཚན་རིག་སྡེ་ཁག་ཏུ་བགྲོ་གླེང་ངམ་གོ་བསྡུར་མཛད་པའི་ཉམས་མྱོང་ལ་མཐའ་སྡོམ་མཛད་པ་འདིས་ཀྱང་ཚན་རིག་པའི་འཚོལ་ཞིབ་ཁྲོད་མ་ཆུད་པའི་ཤེས་བྱའི་རྣམ་གྲངས་དཔག་ཏུ་མེད་པ་ཞིག་བསྟན་ཡོད་ཅིང༌། དེང་སང་ཕྱི་དོན་ལ་དཔྱོད་པའི་ཐབས་ལམ་ཁོ་ནས་ནང་སེམས་ཀྱི་གནད་དོན་རྟོགས་ཐབས་མེད་པའི་གཟུར་གནས་མཁས་པ་ཚོའི་གོ་བ་འདི་ལ་བརྟེན་ནས་ཚན་རིག་པ་མང་པོ་ཞིག་གིས་རང་རེའི་མཚན་ཉིད་རིག་པའི་མཁས་དབང་རྣམས་དང༌། ཁྱད་པར་སྒོམ་སྒྲུབ་བྱེད་མཁན་རྣམས་ཀྱི་ལུས་སེམས་ཀྱི་གནས་སྟངས་ལ་ཞིབ་དཔྱད་འོག་ཤེས་པའི་གསང་བ་རྟོགས་ཐབས་ལ་བརྩོན་དང་བརྩོན་བཞིན་པ་ནི་ཡོངས་གྲགས་སུ་སྣང་མོད། མཐའ་དོན་གྱི་གྲུབ་འབྲས་ནི་ཚན་རིག་ཚོ་སྐྱེ་བ་སྔ་ཕྱིའི་གནད་དོན་ལ་ཕྱོགས་ཙམ་ཡང་མ་ཉེ་བར་ཀླད་རྩའི་ནང་ལོགས་སུ་མགོ་བོ་འཁོར་འཁོར་ངང་འདུག་ཀྱང་དེའི་ཆ་ཤས་ཡོངས་རྫོགས་ལ་འགྲེལ་བརྗོད་ཚད་ལྡན་ཞིག་བྱེད་མ་ཐུབ་པར་ལུས་ཡོད་པ་རིག་གསར་དང་འབྲེལ་བ་ཟབ་པའི་མཁས་པའི་གསུང་རབ་དག་ལས་གསལ་བ་ལྟར་ཡིན་ལ། རང་ཅག་ནང་པ་སངས་རྒྱས་པའི་གཞུང་ལུགས་སུ་གཞི་ལྟ་བའི་གཏན་འབེབས། ལམ་སྒོམ་པའི་ཉམས་ལེན། འཐོབ་བྱ་འབྲས་བུའི་རྣམ་གཞག་བཅས་ཡོད་ཚད་སེམས་ཀྱི་གསང་བ་རྟོགས་ཐབས་ཤིག་ཡིན་པས་འདི་ལྟ་བུའི་ཐབས་ལམ་ལ་ཉམས་སུ་བླང་ཐུབ་ན་ད་གཟོད་རྣམ་ཤེས་དང་ལས་འབྲས་ཀྱི་དོན་དངོས་རྟོགས་པ་ལ་འཇུག་ནུས་ཀྱང༌། འདི་དག་ནི་ལྐོག་གྱུར་གྱི་ཤེས་བྱ་ཐམས་ཅད་འཕྲུལ་ཆས་ཀྱི་རོགས་སྐྱོར་ལ་བརྟེན་ནས་ཐག་ཆོད་བྱེད་ཐུབ་པར་སེམས་པ་ཚོའི་ཡུལ་ལས་འདས་པ་ཞིག་གོ། 
      ཐ་ན་དུད་འགྲོར་ཤེས་པ་ཡོད་མེད་ཙམ་ལའང་ཁ་མཚམས་གཅོད་མ་ཐུབ་པ་གསུངས་འདུག་ན། རིག་གསར་པས་སྐྱེ་བ་སྔ་ཕྱིའི་དོན་ལ་འཇུག་པའི་སྐབས་ཤིག་དཀའ་བས། བརྗོད་དོན་སྙིང་པོ་མདོར་བསྡུས་ཏེ་ཞུ་ན། གཡོ་སྒྱུའི་ངང་ཚུལ་བཟུང་བའི་ཆད་ལྟ་བ་ཞིག་གི་བློ་ངོར་ཉེར་ལེན་སྔོན་སོང་གི་སྒོ་ནས་འཁོར་བ་ཐོག་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་འདིས། ཕྱི་དོན་ཐོག་ཏུ་ཞིབ་ཕྲའི་འཚོལ་ཞིབ་ཀྱི་ཐབས་ལམ་འོག་ལྐོག་གྱུར་གྱི་དོན་རྣམས་གཟུགས་ཅན་གྱི་དབང་པོར་མངོན་པར་འདོད་པའི་རིང་ལུགས་པ་སྟེ། རྣམ་ཤེས་ཀླད་པའི་ཁྱད་ཆོས་སུ་སྨྲ་བའི་རྒོལ་བ་ལ་དེ་ལྟར་སྒྲུབ་མི་ནུས་པའང༌། རིགས་པས་གྲུབ་མ་གྲུབ་ལ་མི་སེམས་པར་བརྟག་དཔྱད་ཁོ་ནའི་འོག་མངོན་སུམ་དུ་གཏན་འབེབས་བྱས་ཏེ་ཐག་གཅོད་བྱེད་པར་འདོད་པས་དང༌། ཤུགས་ལ་རིགས་པ་ཁོ་ནའི་གྲུབ་དོན་ནི་བདེན་པ་ཞིག་མ་ཡིན་པར་འདོད་པ་དང༌། ལྷག་པར་དུ་རང་རེས་བསྒྲུབ་བྱར་བཟུང་བའི་རྣམ་གཞག་འདི་གོང་གསལ་ལྟར་དེ་དག་གིས་དཔྱད་བྱའི་ཁོར་ཡུག་ལས་བརྒལ་བ་སྟེ། རྒྱུ་མཚན་འདིས་ཀྱང་སྔར་ཡོད་རིགས་པའི་རྣམ་གྲངས་དེ་དག་གིས་རིག་གསར་ཚོར་སྐྱེ་བ་སྔ་ཕྱི་བསྒྲུབ་ཐབས་མེད་པར་འདོད་དོ།། 

ལོག་རྟོག་འཁྲུལ་བས་རྣམ་པར་བསླད་པའི་ཐ་དད་བློ་ཡི་སྣང་ངོ་ལ།།
སྐྱེ་བ་སྔ་ཕྱིའི་གསང་བ་བསྒྲགས་ཀྱང་སྐལ་བཟང་ལས་ཀྱི་འཕྲོ་ལྡན་པའི།།
སྣོད་རུང་གདུལ་བྱའང་ཕྱོགས་རེ་ཙམ་ལས་རིག་གསར་སྨྲ་བའི་སྡེ་པ་ཀུན།།
མན་ངག་འདི་ཡིས་སྐལ་བ་ཆད་པས་བདེ་སླར་འདྲེན་པའི་སྐབས་དང་བྲལ།།

ཤ་ཁྲག་ལུས་དང་གཏན་དུ་བྲལ་བའི་རྣམ་པར་ཤེས་པ་ཁེར་རྐྱང་ཞིག།
མེད་པར་འདོད་པའི་རིག་གསར་ཁ་ཅིག་རྟེན་འདི་རྩིས་འཕྲུལ་ལྟ་བུ་ལས།།
སྐྱེ་བ་སྔ་ཕྱི་རྫུན་པར་འདོད་པའང་བསླུ་མེད་རིག་པའི་མཐར་ཐུག་པ།།
མངོན་སུམ་ཚད་མར་བསྙོན་པ་ཙམ་སྟེ་དོན་མཐུན་རིགས་པའི་གཏམ་བཟང་དབེན།།

ཞེས་པའང་ཕྱི་ལོ་ ༢༠༠༩ ཟླ་བ་ ༩ ཚེས་ ༧ ཉིན་དབྱར་གནས་པའི་དུས་བཟང་བར་རང་ལ་འཁྲིས་པའི་འགན་ལྟར་ཚེ་རིག་པས་སུག་ལས་བགྱིས་པ་དགེའོ།། །།

དཔྱད་གཞིའི་ཡིག་ཆ་ཁག་གི་མཚན་བྱང༌།༽ རྣམ་འགྲེལ་ལེའུ་གཉིས་པ།  རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།  སྐྱེ་བ་སྔ་ཕྱིའི་རྣམ་གཞག་སྲིད་པ་གསལ་བའི་མེ་ལོང༌།  མཁས་འཇུག་གི་གསར་འགྲེལ་ལ་དཔྱད་པ།  འཛམ་གླིང་ཤར་ནུབ་ཀྱི་གནའ་དེང་གི་རིགས་པའི་རྣམ་གཞག  འཇམ་མགོན་མི་ཕམ་པའི་དབུ་མ་རྒྱན་འགྲེལ།  བོད་ཀྱི་ཚན་རིག་དུས་དེབ།  ཐུའུ་བཀྭན་གྲུབ་མཐའ།  སྙིང་གཏམ་སྤྲིན་གྱི་རོལ་མོ།




No comments:

དགོངས་ཚུལ་གསུང་རོགས།

ཟིན་བྲིས་འདིའི་རྩོམ་ཡིག་སོགས་ཀྱི་ཐད་ཁྱེད་ཀྱིས་དགོངས་ཚུལ་ལམ་མཆན་བུ་གཏོང་བར་རང་ཉིད་ཀྱི་གློག་ཕྲིན་ནམ་ཟིན་བྲིས་གང་རུང་སྒོ་འབྱེད་གནང་དགོས་ཤིང་། གལ་སྲིད་གློག་ཕྲིན་དང་ཟིན་བྲིས་གཉིས་ཀའི་ཁ་བྱང་མེད་ཚེ་ངེས་པར་དུ་ Comment as: Anonymous ཐོག་འདེམས་གནོན་བྱས་ཏེ་གཏོང་རོགས། ཐུགས་རྗེ་ཆེ།