Thursday, March 28, 2013

རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག

འབྱོར་ལྡན་གླེན་པའི་རྒྱུ་ལ་འགྲམ་ཆུ་མ་ལྡང་།།
འབྱོར་མེད་བློ་ལྡན་འཚོ་བར་ཡི་ག་མ་གཅོད།།
རང་ས་རང་གིས་བཟུང་ནས་ལྷོད་ཀྱིས་བཞུགས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།མགོ་བདེ་གཡོ་འཕྲུལ་ཅན་ལ་བློ་ཁ་མ་གཏོད།།
ཕུ་ནུ་སྤུན་མཆེད་རྣམས་ལ་རེ་བ་མ་ཆེ།།
རང་གི་ཁྱད་ཆོས་རང་གིས་རྟོགས་ནས་བཞུགས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།

སང་གི་རྨི་ལམ་དེ་རིང་གཏོང་གིན་མ་སྡོད།།
ཁ་སང་ལོ་རྒྱུས་དེ་རིང་གླེང་གིན་མ་བཞུགས།།
ཡོད་རྒུའི་ཐབས་ཤེས་དེ་རིང་རྩལ་སྤྲུག་གྱིས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།

ཡུན་ཐུང་འཚོ་བའི་ཁྲོད་ནས་སྒོར་མོ་སེམས་ཀྱིན།།
སྒོར་མོ་འཚོལ་བའི་ཁྲོད་ན་མི་ཚེ་འཛད་ཀྱིན།།
མར་ནས་མར་ལ་འགྲོ་བའི་ལམ་ཁ་གཡུགས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།

རྒྱུས་མེད་ས་ཕྱོགས་ཤིག་ན་ལམ་འགྲོ་མ་སྒུག།
དོན་མེད་ཡེངས་མ་ལམ་དུ་མི་ཚེ་མ་གྲོན།།
མདོར་ན་མདུན་བསྐྱོད་གོམ་འགྲོས་གྱེན་ལ་ཕྱོགས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།

ངེས་མེད་ཚེ་ལ་ངེས་པའི་གདེང་ཚོད་མེད་ན།།
དགོས་མེད་སྟོང་བསམ་ཡོད་རྒུའི་རྗེས་སུ་མ་སྙེག།
གཡེལ་མེད་ད་ལྟའི་ལས་འགན་ཁམས་གཙང་སྒྲུབས་དང་།།
རླུང་རྟ་ཐུར་ལ་རྒྱུགས་ཀྱང་ཁྱད་པར་མི་འདུག།

རླུང་རྟའི་ཁ་ཕྱོགས་ཐུར་ནས་ཐུར་དུ་བརྒྱུགས་ཀྱང་།།
རང་གི་ཁ་ཕྱོགས་ནམ་ཡང་གྱེན་དུ་ཕྱོགས་པར།།
རྣམ་ཀུན་གཡོ་མེད་རི་བོའི་ངང་ཚུལ་ཟུངས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག། ཕྱི་ལོ་ ༢༠༡༣།༠༣།༢༤ ཉིན།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་བ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅།   །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌།   །རྟག་ཏ...