Tuesday, January 14, 2014

སུམ་རྟགས་ཀྱི་ཚིག་དོན་མདོར་བསྡུས་པ་བློ་གསར་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ།།

མཛད་པ་པོ། ཤར་པ་བླ་མ་སངས་རྒྱས་བསྟན་འཛིན།

ཨོཾསྭསྟི། བླ་མ་དང་ནི་འཇམ་དབྱངས་ལ། །སྒོ་གསུམ་གུས་པས་རབ་བཏུད་ནས། །བོད་ཀྱི་བརྡ་སྤྲོད་སུམ་ཅུ་པའི། །ཚིག་དོན་མདོར་བསྡུས་བརྗོད་པར་བྱ། །བོད་རྒྱལ་སྲོང་བཙན་སྒམ་པོ་ཡི། །ཆོས་བློན་ཐོན་མི་སཾབྷོཊས། །རྒྱ་གར་མཁས་པ་མང་བསྟེན་ཏེ། །བོད་ཡིག་བརྡ་སྤྲོད་གསར་རྩོམ་མཛད། །དེ་ཡང་བོད་ཀྱི་ཡི་གེ་འདི། །དབྱངས་དང་གསལ་བྱེད་གཉིས་སུ་འདུས། །དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །རྗེས་འཇུག་ག་ང་ད་ན་བ། །མ་འ་ར་ལ་ས་དང་བཅུ། །སྔོན་འཇུག་ག་ད་བ་མ་འ། །ཡང་འཇུག་ད་དང་ས་གཉིས་ཡིན། །རྗེས་འཇུག་ན་ར་ལ་ལ་ད། །ག་ང་བ་མའི་རྗེས་སུ་ས། །མགོ་ནི་ར་ལ་ས་གསུམ་དང་། །འདོགས་ནི་ཡ་ར་ལ་ཝ་བཞི། །ར་མགོ་བཅུ་གཉིས་ལ་མགོ་བཅུ། །ས་མགོ་ཅན་ནི་བཅུ་གཅིག་གོ །ར་བཏགས་བཅུ་གཅིག་ཡ་བཏགས་བདུན། །ཝ་བཏགས་བཅུ་གཉིས་ལ་བཏགས་དྲུག །གསུམ་བརྩེགས་ར་ཡ་ལྡན་པ་གསུམ། །ས་ཡ་ལྔ་དང་ས་ར་དྲུག །བརྩེགས་པར་ཝ་བཏགས་བཞི་དང་བཅས། །བོད་ཡིག་འབྲི་སྲོལ་གཙོ་རྣམས་ཡིན།།   ༈  རྫོགས་ཚིག་གོ་ངོ་དོ་ནོ་བོ། །མོ་འོ་རོ་ལོ་སོ་ཏོ་ཡིན། །སྦྱོར་ཚུལ་རང་འདྲའི་རྗེས་སུ་དང་། །མཐའ་མེད་འོ་ཡིན་ད་དྲག་ཏོ།།  ༈ རྣམ་དབྱེ་བརྒྱད་དང་ཚིག་ཕྲད་ལ། །རང་དབང་ཡོད་མེད་སྣ་ཚོགས་ལས། །རྣམ་དབྱེ་དང་པོ་དོན་གང་ཞིག །མིང་ངམ་ངོ་བོ་བརྗོད་པ་ཡིན། །དེ་མཐར་གོ་སོགས་སྦྱར་བ་ན། །དང་པོ་དང་འབྲེལ་སླར་བསྡུ་སྟེ། །དཔེར་ན་མཆོག་གོ་བཟང་ངོ་ནས། །བྱས་སོ་ཕྱིནད་ཏོ་ལྟ་བུ་ཡིན།།  ༈ ལ་དོན་སྒྲ་ནི་སུ་རུ་ར། །ན་ལ་ཏུ་དུ་བདུན་ཡིན་ཏེ། །རྣམ་དབྱེ་གཉིས་བཞི་བདུན་དང་ནི། །ནང་ཚན་དེ་ཉིད་དུས་ལ་འཇུག །ས་སུ་ག་བ་ད་དྲག་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་རུ་གཉིས། །ཚེག་གིས་བྱེད་པ་སྦྱོར་ཚུལ་ཡིན།།   ༈ གཉིས་པ་ལས་སུ་བྱ་བ་ནི། །བྱ་བའི་ཡུལ་ཞིག་གཞིར་བཟུང་ནས། །དེ་ལ་བྱ་བ་བྱེད་པ་ཞིག །གཙོ་བོར་གོས་ནུས་སྒྲ་ཞིག་ཡིན། །དཔེར་ན་སྔས་སུ་དཔེ་ཆ་བཞག །ཟ་མ་ཁ་རུ་བཅུག་སོགས་བཞིན། །བྱ་བའི་གཞི་དང་བྱ་རྒྱུའི་དངོས། །སྔོན་ལ་གང་བསྟན་ཁྱད་མེད་དོ།།   ༈ རྣམ་དབྱེ་བཞི་པ་དགོས་ཆེད་ནི། །བྱ་གཞི་གང་ཡང་མི་སྟོན་པར། །དགོས་པའི་ཆེད་དུ་བྱ་བ་ཞིག །བྱེད་པ་གཙོ་བོར་གོ་ནུས་སྒྲ། །དཔེར་ན་མཛེས་སུ་རྒྱན་ཆ་བཏགས། །ཐར་པའི་ཆེད་དུ་དགེ་སྒྲུབ་བཞིན། །ཆེད་ཕྱིར་སླད་དོན་དབང་ལ་སོགས། །གསལ་བྱེད་སྒྲ་ཡིན་སྐབས་དང་སྦྱོར།།  ༈ རྣམ་དབྱེ་བདུན་པ་གནས་གཞི་ནི། །བརྟེན་བྱའི་ཆོས་ཤིག་རྟེན་གཞི་ལ། །བརྟེན་ཏེ་གནས་སམ་ཡོད་པ་ཙམ། །གོ་བར་བྱེད་པའི་སྒྲ་ཡིན་ཏེ། །དཔེར་ན་དབུས་སུ་བླ་མ་གནས། །ཐབ་ཏུ་མེ་ཡོད་ལྟ་བུ་སོགས། །འདུག་དང་བརྟེན་ལ་སོགས་པ་ནི། །གསལ་བྱེད་སྒྲ་ཡིན་སྐབས་ཀྱིས་ཕྱེ།།  
༈ གཉིས་པའི་ནང་ཚན་དེ་ཉིད་ནི། །དངོས་པོ་ཀུན་ལ་རང་བཞིན་ནམ། །དེ་ཉིད་དུ་ཡོད་བྱ་བ་ཙམ། །སྟོན་པའི་སུ་ལ་སོགས་པ་ཡིན། །དཔེར་ན་འོད་དུ་གསལ་དང་ནི། །མེ་རུ་འབར་བ་ལྟ་བུ་སྟེ། །འདི་སྐབས་ན་དང་ལ་གཉིས་པོ། །མི་བདེ་ཕྱིར་ན་མཁས་རྣམས་དོར།།   ༈ བདུན་པའི་ནང་ཚན་ཚེ་སྐབས་ནི། །གང་ཚེ་གང་ཞིག་གོ་ནུས་སྒྲ། །དཔེར་ན་རྒས་སུ་ཆོས་དྲན་བཞིན། །ཚེ་སྐབས་དུས་སྐོར་ཁ་གསལ་བྱེད།།  ༈ འབྲེལ་སྒྲ་ཀྱི་གི་གྱི་འི་ཡི། །བྱེད་སྒྲ་ཀྱི་སོགས་ས་སྦྱར་ཡིན། །རིམ་བཞིན་རྣམ་དབྱེ་དྲུག་པ་དང་། །རྣམ་དབྱེ་གསུམ་པ་སྟོན་པར་བྱེད། །ད་བ་ས་ཀྱི་ག་ང་གི། །ན་མ་ར་ལ་བཞི་ལ་གྱི། །འ་དང་མཐའ་བརྟེན་མེད་ལ་འི། །འདི་གཉིས་ཚེག་ཡོད་ཡི་ཐོབ་བོ།།   ༈ རྣམ་དབྱེ་དྲུག་པ་ཆོས་གང་ཞིག །གང་དང་འབྲེལ་བར་སྟོན་ནུས་སྒྲ། །དཔེར་ན་བདག་གི་ལག་པ་དང་། །ཤིང་གི་སྡོང་པོ་ལ་སོགས་ཡིན།།  ༈ རྣམ་དབྱེ་གསུམ་པ་བྱེད་པ་པོས། །ཉེ་རྒྱང་བྱ་བ་བྱེད་པའི་སྒྲ། །དཔེར་ན་བདག་གིས་ཆོས་་་་དང་། །གྲོགས་ཀྱིས་ཡི་གེ་བྲིས་སོ་བཞིན།།   ༈ འབྱུང་ཁུངས་སྒྲ་ནི་ནས་ལས་ཏེ། །རྣམ་དབྱེ་ལྔ་པ་ཆོས་གང་ཞིག །གང་ནས་འབྱུང་བར་སྟོན་པའི་སྒྲ། །དཔེར་ན་མེ་ལས་དུ་བ་བཞིན། །ནས་ནི་སྡུད་དང་ལྷག་བཅས་ལ། །ལས་ནི་རྒྱུ་དང་དགར་ལ་འཇུག །གཡས་ནས་གཡོན་དང་ཟོས་ནས་བཤད། །ཕ་ལས་མ་བཟང་ལ་སོགས་བཞིན།།   ༈ འབོད་སྒྲ་ཀྱེ་དང་ཀྭ་ཡེ་སྟེ། །རྣམ་དབྱེ་བརྒྱད་པ་གང་ཟག་འབོད། །དཔེར་ན་ཀྱེ་ཕ་མ་ཀྱེ་བཞིན། །མིང་གི་ཐོག་མཐར་ཅི་བདེར་སྦྱར།།   ༈ རྒྱན་སྡུད་སྒྲ་ནི་ཀྱང་ཡང་འང་། །གསུམ་ཡིན་ག་ད་བ་ས་ཀྱང་། །ང་ན་མ་ར་ལ་མཐར་ཡང་། །འ་དང་མཐའ་མེད་འང་ཡང་ཕྱེ། །མཐུན་དང་མི་མཐུན་ཚིག་གཉིས་གཉིས། །གཞི་གཅིག་སྦྱོར་བྱེད་པར་རྒྱན་དང་། །སྔ་ཕྱིའི་དོན་གཉིས་ཚིག་གཅིག་གིས། །གོ་བར་བྱེད་པའི་སྡུད་པའང་ཡིན། །དཔེར་ན་མཐུན་པ་ཐུག་ཀྱང་ཐུག །མི་མཐུན་ཡོད་ཀྱང་མེད་ལྟ་བུ། །སྡུད་པ་གྲོགས་ཀྱིས་ཆོས་བཤད་པ། །དེ་བཞིན་བདག་གིས་ཀྱང་ངོ་བཞིན།།   ༈ ལྷག་བཅས་དེ་ཏེ་ས་སྟེ་གསུམ། །ད་དེ་ན་ར་ལ་ས་ཏེ། །ག་ང་བ་མ་འ་དང་ནི། །མཐའ་བརྟེན་མེད་མཐའ་ས་སྟེ་ཐོབ། །དོན་ནི་རྗོད་བྱེད་ཚིག་ལྷག་མ། །ལུས་པ་གོ་བར་ནུས་པའི་སྒྲ། །དཔེར་ན་བསྡད་དེ་ཆོས་མཉན་དང་། །སྡིག་པ་བཀག་སྟེ་དགེ་བསྒྲུབ་བཞིན།།  
༈ འབྱེད་སྡུད་གམ་ངམ་དམ་ནམ་བམ། །མམ་འམ་རམ་ལམ་སམ་ཏམ་སྟེ། །རང་འདྲའི་རྗེས་འཇུག་རྗེས་སུ་དང་། །ད་དྲག་ཅན་མཐར་ཏམ་སྦྱོར་དགོས། །གཅིག་ཉིད་དུ་མར་འབྱེད་པ་དང་། །དུ་མ་གཅིག་ཏུ་སྡུད་པ་སྟེ། །དཔེར་ན་མཐའ་ནི་རྟག་གམ་ཆད། །རྟག་གམ་ཆད་པ་མཐའ་ཞེས་བཞིན།།   ༈ ནི་སྒྲ་ལོགས་སུ་དགར་བ་དང་། །ནན་གྱིས་བརྣན་པའི་སྒྲ་ཡིན་ཏེ། །དགར་བ་དཔེར་ན་ཕ་མ་ནི། །རྙེད་པར་དཀའ་འོ་ཞེས་པ་བཞིན། །བརྣན་པ་བུ་ནི་གཟུགས་བྱད་མཛེས། །བུ་ནི་ནོར་ལྡན་བུ་ནི་བཟང་། །བསྡུས་ན་ནི་སྒྲ་བརྣན་པ་སྟེ། །ཁྱེད་ནི་འདི་ནི་ཞེས་པ་བཞིན།།   ༈ དང་སྒྲ་སྡུད་དང་འབྱེད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔ། །སྡུད་པ་དཔེར་ན་ས་དང་ཆུ། །མེ་དང་རླུང་དང་འབྱུང་བའོ། །འབྱེད་པ་འབྱུང་བ་ས་དང་ཆུ། །མེ་དང་རླུང་དང་བཞི་ཞེས་བཞིན། །རྒྱུ་མཚན་དུད་པ་མཐོང་པ་དང་། །མེ་ཡོད་ཤེས་ཟེར་ལྟ་བུ་ཡིན། །ཚེ་སྐབས་ཉི་མ་ཤར་བ་དང་། །མལ་ནས་ལྡང་བར་བྱ་ཟེར་བཞིན། །གདམས་ངག་དམ་པའི་ཆོས་བསྒྲུབས་དང་། །ཐར་པ་ཐོབ་བོ་ཞེས་པ་བཞིན།།   ༈ གཞན་ཡང་དེ་སྒྲ་འཇུག་ཚུལ་ནི། །ཐ་སྙད་དབང་དུ་བྱས་པ་གསུམ། །དངོས་པོའི་དབང་དུ་བྱས་པ་བཞི། །དུས་ཀྱི་དབང་དུ་གཉིས་ཡིན་ནོ། །ཐ་སྙད་འདས་དང་རྣམ་གྲངས་གཞན། །ལྷག་བཅས་དང་ནི་གསུམ་ཡིན་ཏེ། །འདས་པ་མེ་ཏོག་དམར་པོ་དེ། །མཛེས་སོ་དེ་དགོས་ཞེས་པ་བཞིན། །རྣམ་གྲངས་གཞན་སྦྱོར་ཞེས་པ་ནི། །དཔེར་ན་ནམ་མཁའི་དཀར་པོ་དེ། །ཉི་མ་དེ་ཡིན་མེ་ཤེལ་དེ། །འོད་དཀར་ཅན་ཡང་དེ་ཞེས་བཞིན། །ལྷག་བཅས་དབྱེ་བ་ལྔ་ཙམ་ཡོད། །དེ་ཡང་རིམ་བཞིན་འདི་ལྟ་སྟེ། །མཚམས་སྦྱོར་ཉི་མ་ཤར་ཏེ་དྲོ། །གྲོས་ཐག་བཅད་དེ་ལས་བྱས་བཞིན། །རྒྱུ་མཚན་འདྲེན་པ་མེ་ཡོད་དེ། །དུད་པ་མཐོང་བའི་ཕྱིར་ཞེས་བཞིན། །ངེས་ཚིག་འདྲེན་པ་སྲུང་སྐུད་དེ། །བར་ཆད་སྲུང་བའི་སྐུད་པ་བཞིན། །དབྱེ་བ་འདྲེན་པ་འཕགས་ལམ་ནི། །བརྒྱད་དེ་ལྟ་རྟོག་སོགས་སོ་བཞིན། །གཞན་འདྲེན་ཞེས་པ་འདིར་ཡོད་དེ། །དེར་ནི་མེད་དོ་ལྟ་བུ་ཡིན། །དངོས་པོ་བདེན་པ་གསང་བ་དང་། །བདག་དང་གཞན་དངོས་བཞི་ཡིན་ཏེ། །བདེན་པ་དེ་ནི་དེ་བཞིན་ནོ། །གསང་བ་དེ་ནི་བཤད་མི་བྱ། །བདག་གི་དངོས་ནི་ངའི་ཁྱིམ་དེ། །ཁྱོད་ཉོས་ཟེར་བ་ལྟ་བུ་ཡིན། །གཞན་གྱི་དངོས་ནི་ཁྱེད་ཀྱི་ཁྱིམ། །དེ་ཉིད་བདག་ལ་ཚོངས་ཟེར་བཞིན། །དུས་ནི་འདས་དང་མ་འོངས་ཏེ། །འདས་པ་ན་ནི་ལོ་དེ་བཟང་། །མ་འོངས་སར་ཕོད་ལོ་དེ་ལ། །གནས་སྐོར་བྱ་འོ་ཟེར་བ་བཞིན། །ད་ལྟའི་དུས་དང་ཉེ་དངོས་ལ། །དེ་ཚབ་འདི་སྒྲ་འཇུག་པའི་དཔེ། །ད་ལོའི་དུས་འདི་ཅི་འདྲ་དང་། །ཉེ་ཁོར་མི་འདི་ལྟོས་ཞེས་བཞིན། །དེ་ལྟ་རྣམ་གྲངས་སྣ་ཚོགས་ཀྱིས། །ཕྱེས་ན་ཕྲད་རེར་གྲངས་མེད་འགྱུར། །འོན་ཀྱང་བསྡུས་ན་དེ་སྒྲ་ཡང་། །ངེས་བཟུང་ལྷག་བཅས་གཉིས་ལ་འདུས།།   ༈ སྤྱི་སྒྲ་གང་སུ་ཅི་ཇི་བཞིན། །གང་ནི་ངེས་མེད་ཀུན་ལ་སྦྱར། །སུ་ནི་མིས་གཙོ་གང་ཟག་ལ། །དོན་ལ་ཅི་དང་དཔེར་ཇི་སྦྱོར། །གཙོ་བོར་འདི་ལ་གསལ་བྱེད་གྲོགས། །གང་སུ་གཉིས་ལ་ངེས་པ་མེད། །ཅི་ལ་ཞིག་སྟེ་སླད་འདྲ་ཕྱིར། །ཇི་ལ་སྙེད་སྲིད་ལྟར་བཞིན་སྐད། །གང་དཔེ་གང་འདུག་གང་བྱེད་སོགས། །སུ་དཔེ་སུ་ཡིན་སུ་བསླེབས་བཞིན། །ཅི་དཔེ་ཅི་ཞིག་ཅི་སྟེ་འགྲོ། །ཇི་དཔེ་ཇི་ལྟར་ཡིན་སོགས་བཞིན།།   ༈ བདག་སྒྲ་དངོས་ནི་པོ་ཡིན་ལ། །ཆ་མཐུན་པ་བ་མ་མཁན་སོགས། །དེ་ཡང་མིང་གི་ཆ་ཤས་དང་། །བདག་སྒྲ་སོ་སོར་གོ་དགོས་ཏེ། །སྔར་ཡོད་མིང་ཡིན་གསར་སྦྱར་ཚེ། །བདག་དབང་སྟོན་པ་བདག་སྒྲ་ཡིན། །དཔེར་ན་དམར་པོ་ལག་པ་དང་། །བྱེད་པོ་ཞིང་པ་ཁྱད་ཡོད་བཞིན། །མིང་མའི་པ་བ་འཇུག་ཚུལ་ནི། །ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །མ་མོ་པོ་སོགས་ཅི་བདེར་འཇུག །དགག་སྒྲ་མ་མི་མིན་མེད་བཞི། །མ་མི་ཐོག་སྦྱོར་མིན་མེད་ནི། །མིང་འཇུག་དཔེར་ན་མ་མཐོང་དང་། །མི་བྱེད་ལྷ་མི་འདྲེ་མེད་བཞིན།།   ༈ ཅིང་ཅེས་ཅེ་འོ་ཅེ་ན་ཅིག །ག་ད་བ་དང་དྲག་མཐར་སྦྱོར། །འདུག་ཅིང་བཤད་ཅེས་གདབ་ཅེའོ། །ཆོས་བསྟནད་ཅེ་ན་གནས་སྐོརད་ཅིག །ཞིང་ཞེས་ཞེ་འོ་ཞེ་ན་ཞིག །ང་ན་མ་འ་ར་ལ་དང་། །༼ཅིས་སོགས་ཀྱི་དོད། ནིས་ཟི་ནི་  ཟི་ནོག  ཟི་སིན  བཞིག་ཡིན།༽  མཐའ་བརྟེན་མེད་མཐར་ཐོབ་སྟེ་དཔེར། །མཐོང་ཞིང་གསན་ཞེས་གོང་བཞིན་སྦྱར། །ས་མཐར་དམིགས་གསལ་ཞེས་མ་གཏོགས། །ཤིང་ཤིག་ཤེ་འོ་ཤེ་ན་ཐོབ། །དཔེར་ན་བྱས་ཤིང་བསགས་ཞེས་དང་། ལྟོས་ཤིག་ལ་སོགས་ཤེས་པར་གྱིས།།  

༈ ད་ནི་རྟགས་ཀྱི་འཇུག་པ་ཡི། །གཞུང་དོན་མདོར་བསྡུས་འཆད་པ་ལ། །སྤྱིར་བཏང་གསལ་བྱེད་སུམ་ཅུ་ཕོ། །དབྱང་བཞི་མོ་ཡིན་གསལ་བྱེད་ཀྱང་། །ཀ་ཅ་ཏ་པ་ཙ་ལྔ་ཕོ། །ཁ་ཆ་ཐ་ཕ་ཚ་མ་ནིང་། །ག་ཇ་ད་བ་ཛ་ཝ་ཞ། །ཟ་འ་ཡ་ཤ་ས་ནི་མོ། །ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་ནི་མོ་གཤམ་མོ། །ཨ་ནི་བརྡ་སྤྲོད་མང་པོ་ལས། །ཕོ་མོའི་ཐ་སྙད་མེད་པར་གསུངས།།   ༈ ཤིན་ཏུ་མོ་དང་མོ་གཤམ་གཉིས། །མོ་ཡིག་ནང་དུ་བསྡུས་བྱས་ཏེ། །མོ་ཡི་ཡེ་གེ་བཅུ་དགུ་ལས། །རྗེས་འཇུག་ཡི་གེ་བཅུ་དབྱུང་བྱ།།  ༈ རྗེས་འཇུག་བཅུ་པོ་དེ་ཉིད་ལས། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །དེ་ཡང་ཕོ་མོ་མ་ནིང་དང་། །ཤིན་ཏུ་མོ་དང་བཞི་རུ་དབྱེ། །སྔོན་འཇུག་བ་ནི་ཕོ་ཡིག་ཡིན། །ག་དང་ད་གཉིས་མ་ནིང་དང་། །འ་ནི་མོ་དང་མ་ཡིག་ནི། །ཤིན་ཏུ་མོ་རུ་ཀུན་གྱིས་བཞེད། །སྔོན་རྗེས་མིང་གཞི་གང་ཡིན་ཡང་། །ཕོ་མོ་སོགས་ཀྱི་ཁྱད་པར་ནི། །སྒྲ་གདངས་དྲག་ལ་གྲིམ་པ་ཕོ། །གྲོམ་ལྷོད་རན་པ་མ་ནིང་ཡིན། །ཞན་ལ་ལྷོད་པ་མོ་ཡིག་དང་། །དེ་ལས་ཀྱང་ལྷོད་ཤིན་ཏུ་མོ། །ཧ་ཅང་ལྷོད་ཞན་མོ་གཤམ་སྟེ། །མི་སྐད་དཔེར་བྱས་རྣམ་གཞག་མཛད།།  
༈ སྔོན་འཇུག་འཇུག་ཚུལ་རྒྱས་བཤད་ལ། །དེ་དག་རེ་རེའང་བཞིར་དབྱེ་སྟེ། །གང་གིས་འཇུག་བྱེད་གང་ལ་འཇུག །ཇི་ལྟར་འཇུག་བྱེད་ཅིའི་ཕྱིར་འཇུག།   ༈ དེ་ཡང་སྔོན་འཇུག་གང་གིས་ནི། །མིང་གཞི་གང་ལ་འཇུག་ཅེ་ན། །ཕོ་ཡིག་བ་ནི་ཀ་ཅ་ཏ་ཙ་དང་། །མོ་ཡི་ག་ད་ཞ་ཟ་ཤ །ས་བཅས་བཅུ་ཡི་སྔོན་དུ་འཇུག །ང་ཇ་ཉ་ན་ཛ་ར་དྲུག །མགོ་འདོགས་སྐབས་འགར་བ་འཕུལ་ཐོབ། །སྔོན་འཇུག་མ་ནིང་ག་ཡིག་ནི། །ཕོ་ཡིག་ཅ་ཏ་ཙ་མོ་ཡིག །ཉ་ད་ན་ཞ་ཟ་ཡ་ཤ །ས་དང་བཅུ་གཅིག་སྔོན་དུ་འཇུག །ད་ནི་ཕོ་ཡིག་ཀ་པ་མོ། །ག་བ་ང་མ་དྲུག་ལ་འཇུག །མོ་ཡིག་སྔོན་འཇུག་འ་ཡིག་ནི། །མོ་ཡིག་ག་ཇ་ད་བ་ཛ། །མ་ནིང་ཁ་ཆ་ཐ་ཕ་ཚ། །བཅུ་པོ་ཁོ་ནའི་སྔོན་དུ་འཇུག །སྔོན་འཇུག་ཤིན་ཏུ་མོ་མ་ནི། །མ་ནིང་ཁ་ཆ་ཐ་ཚ་མོ། །ག་ཇ་ད་ཛ་ཤིན་ཏུ་མོ། །ང་ཉ་ན་བཅུ་གཅིག་ལ་འཇུག །སྤྱིར་ནི་འདོགས་རྐྱང་མ་གཏོགས་པ། །བརྩེགས་འཕུལ་བ་ཡིག་ཁོ་ནར་ངེས།།   ༈ ཇི་ལྟར་འཇུག་པར་བྱེད་ཅེ་ན། །ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ཡིག་མ་ཉིད་ནི། །ཤིན་ཏུ་ཞན་ཅིང་ལྷོད་པར་འཇུག །མིང་གཞི་གང་ལའང་སྔོན་འཇུག་གི །འཇུག་ཚུལ་སོ་སོར་རྟོགས་པ་དཀོན།། 
༈ ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། །ཕོ་ཡིག་སྔོན་འཇུག་བ་ཡིག་ནི། །བྱེད་པོ་འབྲེལ་བ་གཞིར་བཞག་སྟེ། །བྱ་བ་བྱས་ཟིན་འདས་པ་དང་། །བྱ་རྒྱུའི་དངོས་པོ་གཞན་དང་ནི། །མ་འོངས་བྱ་བ་བསྒྲུབ་ཕྱིར་འཇུག །དཔེར་ན་ལྷ་བསྒྲུབས་བསྒྲུབ་བྱ་ལྷ། །བསྒྲུབ་པར་བྱ་འོ་ཞེས་པ་བཞིན། །མ་ནིང་ག་ད་གཉིས་པོ་ནི། །བདག་གཞན་གཉིས་དང་ད་ལྟར་ཆེད། །དཔེར་ན་གཤོག་མཁན་གཤག་བྱ་ཤིང་། །གཤོག་པར་བྱེད་དོ་ལྟ་བུ་ཡིན། །མོ་ཡིག་འ་ནི་བདག་ཉིད་དང་། །མ་འོངས་ད་ལྟ་དག་ལ་འཇུག །དཔེར་ན་འཐོར་པོ་འཐོར་བྱ་ཆུ། །འཐོར་བར་བྱེད་དོ་ལ་སོགས་བཞིན། །སྔོན་འཇུག་ཤིན་ཏུ་མོ་མ་ནི། །བདག་གཞན་དུས་གསུམ་ཁྱད་མེད་འཇུག །དཔེར་ན་མཇལ་པོས་བླ་མ་མཇལ། །མཇལ་བྱ་མཇལ་བྱེད་སོགས་བཞིན་ནོ།།  
༈ དུས་གསུམ་བྱ་བྱེད་བསྐུལ་ཚིག་དང་བཅས་པའི། །གྲགས་ཆེའི་དཔེར་བརྗོད་གོ་བདེར་ཅུང་ཟད་དགོད། །སྤྱིར་བཏང་འདས་ལ་བ་འཕུལ་ཡང་འཇུག་ཡོད། །མ་འོངས་པ་ལ་འཕུལ་ཡོད་ཡང་འཇུག་མེད། །ད་ལྟ་བ་ལ་བ་འཕུལ་ཡང་འཇུག་མེད། །བསྐུལ་ཚིག་ལ་ནི་འཕུལ་མེད་ཡང་འཇུག་ཡོད།  །བྱ་བ་བསྒྲུབས་ཟིན་བསྒྲུབ་བྱ་སྒྲུབ་བྱེད་སྒྲུབས། །སྨན་སོགས་བསྐུས་ཟིན་བསྐུ་བྱ་སྐུད་བྱེད་སྐུས། །ཁྲི་ལ་བསྐྱོནད་ཟིན་བསྐྱོན་བྱ་སྐྱོན་བྱེད་སྐྱོནད། །ཁུར་པོ་བསྐྱལད་ཟིན་བསྐྱལ་བྱ་སྐྱོལ་བྱེད་སྐྱོལད། །ཟས་ནོར་བསྐུངས་ཟིན་བསྐུང་བྱ་སྐུང་བྱེད་སྐུངས། །ཆོས་ལ་བསྐུལད་ཟིན་བསྐུལ་བྱ་སྐུལ་བྱེད་སྐུལད། །མགྲོན་པོ་བསྐྱངས་ཟིན་བསྐྱང་བྱ་སྐྱོང་བྱེད་སྐྱོངས། །ཁ་ཏོན་བསྐངས་ཟིན་བསྐང་བྱ་སྐོང་བྱེད་སྐོངས། །ཡན་ལག་བསྐུམས་ཟིན་བསྐུམ་བྱ་སྐུམ་བྱེད་སྐུམས། །དེ་ལ་སོགས་པའི་མགོ་ལྡན་ཀུན་ལ་འགྲེས།།
༈ ད་ནི་རྐྱང་པར་འདས་ལ་བ་འཕུལ་དང་། །མ་འོངས་ག་ད་ད་ལྟར་འ་འཕུལ་གཙོ། །བསྐུལ་ཚིག་འཕུལ་མེད་ཚུལ་རྣམས་བྲི་བར་བྱ། །སྲོལ་ངན་བཀག་ཟིན་དགག་བྱ་འགོག་བྱེད་ཁོགས། །སྣོད་དུ་བཀང་ཟིན་དགང་བྱ་འགེང་བྱེད་ཁོངས། །མལ་ཆས་བཀབ་ཟིན་དགབ་བྱ་འགེབ་བྱེད་ཁོབས། །ཟུར་དུ་བཀར་ཟིན་དགར་བྱ་འགོར་བྱེད་ཁོརད། །ཡི་གེ་བཀྲམ་ཟིན་དགྲམ་བྱ་འགྲེམ་བྱེད་ཁྲོམས། །བདེ་ལ་བཀོད་ཟིན་དགོད་བྱ་འགོད་བྱེད་ཁོད། །གཡོག་ཏུ་བཀོལ་ཟིན་དགོལ་བྱ་འགོལ་བྱེད་ཁོལད། །ཤིང་སོགས་བཀས་ཟིན་དགའ་བྱ་འགོ་བྱེད་ཁོས། །བུ་ལ་བཅལ་ཟིན་གཞལ་བྱ་འཇོལ་བྱེད་ཆོལད། །དགྲ་དཔུང་བཅོམ་ཟིན་གཞོམ་བྱ་འཇོམ་བྱེད་ཆོམས། །ནང་དུ་བཅུག་ཟིན་གཞུག་བྱ་འཇུག་བྱེད་ཆུགས། །སྐེ་རགས་བཅིངས་ཟིན་གཅིང་བྱ་འཆིང་བྱེད་ཆིངས། །གྲོས་ཐག་བཅད་ཟིན་གཅད་བྱ་འཆོད་བྱེད་ཆོད། །འགྲིགས་ལ་བཅུན་ཟིན་གཅུན་བྱ་འཆུན་བྱེད་ཆུནད། །ཉེས་སྐྱོན་བཅབ་ཟིན་གཅབ་བྱ་འཆབ་བྱེད་ཆོབས། །མིག་སོགས་བཅར་ཟིན་གཅར་བྱ་འཆོར་བྱེད་ཆོརད། །དམ་དུ་བཅུར་ཟིན་གཅུར་བྱ་འཆུར་བྱེད་ཆུརད། །ཁྲིམས་སོགས་བཅས་སོ་གཅའ་བྱ་འཆའ་བྱེད་ཆོས། །ཡིད་ལ་བཅག་ཟིན་གཞག་བྱ་འཇོག་བྱེད་ཆོགས། །མཁོ་ཆས་བཅང་ཟིན་གཅང་བྱང་འཆང་བྱེད་ཆོངས། །གསོལ་བ་བཏབ་ཟིན་གདབ་བྱ་འདེབས་བྱེད་ཐོབས། །གྱེན་དུ་བཏེག་ཟིན་གདེག་བྱ་འདེགས་བྱེད་ཐེགས། །གདན་སོགས་བཏིང་ཟིན་གདིང་བྱ་འདིང་བྱེད་ཐིངས། །ལག་ཏུ་བཏད་ཟིན་གཏད་བྱ་འཐོད་བྱེད་ཐོད། །སྐྱབས་འགྲོ་བཏན་ཟིན་གདན་བྱ་འདོན་བྱེད་ཐོནད། །ཤ་སོགས་བཏུབ་ཟིན་གཏུབ་བྱ་འཐུབ་བྱེད་ཐུབས། །གོས་ཀྱིས་བཏུམ་ཟིན་གཏུམ་བྱ་འཐུམ་བྱེད་ཐུམས། །ཆུ་སོགས་བཏོར་ཟིན་གཏོར་བྱ་འཐོར་བྱེད་ཐོརད། །མི་གླང་བཏུལ་ཟིན་གདུལ་བྱ་འདུལ་བྱེད་ཐུལད། །མེ་ཏོག་བཏུས་ཟིན་གཏུ་བྱ་འཐུ་བྱེད་ཐུས། །གཞན་ལ་བཏུག་ཟིན་གཏུག་བྱ་འཐུག་བྱེད་ཐུགས། །བཟང་པོ་བཏམ་ཟིན་གདམ་བྱ་འདེམ་བྱེད་ཐོམས། །བུག་པ་ཕུགས་ཟིན་དབུག་བྱ་འབུག་བྱེད་ཕུགས། །གཏན་ལ་་ཕབས་ཟིན་དབབ་བྱ་འབེབ་བྱེད་ཕོབས། །མཆོད་པ་ཕུལད་ཟིན་དབུལ་བྱ་འབུལ་བྱེད་ཕུལད། །ཅོག་རྩེ་ཕྱིས་ཟིན་དབྱི་བྱ་འཕྱི་བྱེད་ཕྱིས། །བསྟན་པ་བཙུགས་སོ་གཟུག་བྱ་འཛུག་བྱེད་ཚུགས། །ཟོང་སོགས་བཙོངས་ཟིན་གཙོང་བྱ་འཚོང་བྱེད་ཚོངས། །གྲལ་དུ་བཙུད་ཟིན་གཟུད་བྱ་འཛུད་བྱེད་ཚུད། །གོས་སོགས་བཙེམས་ཟིན་གཙེམ་བྱ་འཚེམ་བྱེད་ཚེམས། །སྦང་མ་བཙིར་ཟིན་གཙིར་བྱ་འཚིར་བྱེད་ཚིར། །དམ་ཆོས་བཙལ་ཟིན་གཙལ་བྱ་འཚོལ་བྱེད་ཚོལད། །ཚགས་ལ་བཙགས་ཟིན་གཙག་བྱ་འཚེག་བྱེད་ཚེགས། །ཁ་སོགས་བཙུམས་ཟིན་གཙུམ་བྱ་འཚུམ་བྱེད་ཚུམས། །འོ་མ་བཞོས་ཟིན་གཞོ་བྱ་འཇོ་བྱེད་ཞོས། །མར་ཁུ་བཞུས་ཟིན་གཞུ་བྱ་འཇུ་བྱེད་ཞུས། །ཤིང་སོགས་བཞོགས་ཟིན་གཞོག་བྱ་འཇོག་བྱེད་ཞོགས། །སྐྲ་སྤུ་བཞར་ཟིན་གཞར་བྱ་འཇོར་བྱེད་ཞོར། །ལག་པས་བཟུང་ཞིང་གཟུང་བྱ་འཛིན་བྱེད་ཟུངས། །ལག་པ་བཟེད་ཟིན་གཟེད་བྱ་འཛེད་བྱེད་ཟེད། །ནད་ལ་བཟེམས་ཟིན་གཟེམ་བྱ་འཛེམ་བྱེད་ཟེམས། །དགྲ་ལ་བཟུར་ཟིན་གཟུར་བྱ་འཛུར་བྱེད་ཟུརད། །སྲོལ་ངན་བཤིག་ཟིན་གཞིག་བྱ་འཇིག་བྱེད་ཤིགས། །ནང་སྦུབས་བཤངས་ཟིན་གཞང་བྱ་འཇོང་བྱེད་ཤོངས། །མཉམ་དུ་བཤིབས་ཟིན་གཞིབ་བྱ་འཇིབ་བྱེད་ཤིབས། །མེ་ལ་བཤུར་ཟིན་གཞུར་བྱ་འཇུར་བྱེད་ཤུརད། །དེ་རྣམས་ཅིའི་ཕྱིར་འཇུག་པའི་དགོངས་དོན་དངོས།།
༈ འདི་ནས་ཞར་ཅུང་ཟད་བཤད་པར་བྱ། །དེ་ཡང་བརྗོད་བདེ་འོས་མེད་ཡིག་འབྱམས་གསུམ། །མིང་གང་བརྗོད་བདེ་ཞེ་སའི་རིགས་རྣམས་ནི། །གོང་དུ་བཀུར་ཟིན་བཀུར་བྱ་བཀུར་བྱེད་བཀུར། །བཀའ་ཡིས་བཀྱོན་ཟིན་བཀྱོན་བྱ་བཀོན་བྱེད་བཀྱོན། །གནོད་པར་བཀོན་ཟིན་བཀོན་བྱ་བཀོན་བྱེད་བཀོན། །འོད་སོགས་བཀྱེས་ཟིན་བཀྱེ་བྱ་བཀྱེ་བྱེད་བཀྱེས། །རོལ་མོ་དཀྲོལ་ཟིན་དཀྲོལ་བྱ་དཀྲོལ་བྱེད་དཀྲོལ། །ཡོས་སོགས་དཀྲུགས་ཟིན་དཀྲུག་བྱ་དཀྲུག་བྱེད་དཀྲུགས། །ཞོ་སོགས་དཀྲོགས་ཟིན་དཀྲོག་བྱ་དཀྲོག་བྱེད་དཀྲོགས། །རྡོ་སོགས་དཀྲུམས་ཟིན་དཀྲུམ་བྱ་དཀྲུམ་བྱེད་དཀྲུམས། །མགུལ་ནས་འཁྱུད་ཟིན་འཁྱུད་བྱ་འཁྱུད་བྱེད་འཁྱུད། །ཞབས་བྲོ་འཁྲབས་ཟིན་འཁྲབ་བྱ་འཁྲབ་བྱེད་འཁྲོབས། །བླ་མ་དགྱེས་ཟིན་དགྱེས་བྱ་དགྱེས་བྱེད་དགྱེས། །མི་ཡུལ་འགྲིམས་ཟིན་འགྲིམ་བྱ་འགྲིམ་བྱེད་འགྲིམས། །ཡོན་ཏན་བསྔགས་ཟིན་བསྔགས་བྱ་བསྔགས་བྱེད་བསྔགས། །བུ་ལ་གཅེས་ཟིན་གཅེས་བྱ་གཅེས་བྱེད་གཅེས། །ཚིག་ལ་འཆེལ་ཟིན་འཆེལ་བྱ་འཆེལ་བྱེད་འཆེལ། །དེ་བཞིན་ཐག་འཇུ་སྐས་ལ་འཛེག་པ་དང་། །དམན་ལ་བསྙས་དང་ལྷ་བསྙེན་དོན་གཉེར་བྱེད། །གྲོགས་དང་བསྟུན་ཏེ་བསྟོད་པ་བླ་མ་བསྟེན། །ཆུ་འཐུར་ཚུར་འཐེན་དགྲར་འཐབ་ཤིང་འཐུ་བ། །སྤོས་བདུག་ཁ་གདང་ལག་གདེངས་མཉམ་དུ་འདོངས། །འདྲེས་གནོད་ཚོད་དཔག་དར་འཕྱར་མེ་འབུད་པ། །ལྷར་དམིགས་ལས་ལ་བརྩོན་སོགས་འདས་འོངས་མེད། །གོང་སྨོས་རྣམས་ལ་ཕལ་ཆེར་ཚང་ན་ཡང་། །འོས་མེད་ཅེས་པ་དཔེར་ན་འདི་ལྟ་སྟེ། །གོས་ཀྱིས་གཡོགས་ཟིན་གཡོག་བྱ་གཡོགས་བྱེད་གཡོགས། །མདའ་དར་གཡབས་ཟིན་གཡབ་བྱ་གཡོབ་བྱེད་གཡོབས། །གཞན་ཡང་ཡིག་འབྱམས་གཏུག་བྱ་གཏུག་བྱེད་གཏུགས། །དེ་སོགས་ཞིབ་ཆ་གཞན་དུ་ཤེས་པར་གྱིས།།
༈ རྗེས་འཇུག་རྟགས་ཀྱི་འདོད་ཚུལ་ནི། །ད་བ་ས་ཕོ་དེ་ལ་ཡང་། །ས་རབ་ད་འབྲིང་བ་ཐ་མ། །ག་ར་ལ་གསུམ་མོ་ཙམ་དང་། །ང་ན་མ་གསུམ་ཤིན་ཏུ་མོ། །འ་ཡིག་མ་ནིང་གསུམ་གར་འདོད།།  ༈ དེ་ཡང་ཅུང་ཟད་རྒྱས་བཤད་ན། །དེ་དག་བཅུ་པོའང་ཚུལ་བཞིས་དབྱེ། །གང་ལ་འཇུག་ཅིང་གང་གིས་འཇུག །ཇི་ལྟར་འཇུག་ཅིང་ཅིའི་ཕྱིར་འཇུག །གང་ལ་ཡེ་གེ་ཐམས་ཅད་ལ། །གང་གིས་རྗེས་འཇུག་བཅུ་པོ་ཡིས། །ཇི་ལྟར་འཇུག་པའི་ཚུལ་ལ་གཉིས། །སྒྲ་དང་དོན་གྱི་འཇུག་ཚུལ་ལོ།། 
༈ དང་པོ་སྒྲ་ཡི་འཇུག་ཚུལ་ནི། །སྤྱིར་ན་ཕོ་མོ་མ་ནིང་གསུམ། །དྲག་ཞན་བར་མའི་ཚུལ་གྱིས་འཇུག །བྱེ་བྲག་སྔོན་རྗེས་མིང་གསུམ་ག །ཕོ་ཡིག་ནང་ཕྲད་དྲག་པ་དང་། །མོ་ཡིག་ནང་ཕྲད་ཞན་པ་སྟེ། །དཔེར་ན་ཕོ་ཕྲད་བཀས་ནི་བཅད། །གོས་བ་བཏབ་སྟེ་བུ་བཙས་བཞིན། །མོ་ཡིག་ནང་ཕྲད་འགོག་ཅིང་འཇོར། །འདུལ་པ་ཞུས་ཏེ་འབུལ་སོགས་བཞིན། །མོ་དང་ཤིན་ཏུ་མོ་ཕྲད་ན། །ཞན་པའི་ཞན་པར་འཇོག་པ་ཡིན། །དཔེར་ན་འགོང་པོ་འཇུན་འདེམ་བཞིན། །འདི་སྐབས་ཀློག་ཚུལ་མཁས་ན་ཤེས། །མ་ནིང་འ་ཡིག་འཇུག་ཚུལ་ནི། །ཕོ་དང་ཕྲད་ན་དྲག་པ་དང་། །མོ་དང་ཕྲད་ན་ཞན་པས་ན། །འགྱུར་བ་མ་ནིང་ཞེས་བྱ་དང་། །སྔོན་འཇུག་ཕོ་དང་མིང་གཞི་མོ། །གཉིས་ཀ་དག་དང་ཕྲད་པའི་ཚེ། །དྲག་ཞན་གཉིས་ཀའི་ཆ་ལྡན་ཕྱིར། །མཚན་གཉིས་མ་ནིང་ཞེས་པར་བརྗོད། །མ་ནིང་ཙམ་དང་ཕྲད་པ་ན། །དྲག་ཞན་གང་དང་མི་ལྡན་ཕྱིར། །མཚན་མེད་མ་ནིང་ཞེས་པ་སྟེ། །གྲོགས་ཀྱི་དབང་གིས་ཕྱེས་པ་ཡིན། །རིམ་བཞིན་ཕོ་ཕྲད་བཀའ་བཅའ་བཙའ། །མོ་ཕྲད་འགའ་འཇའ་འབའ་ལྟ་བུ། །གཉིས་ཕྲད་བཟའ་བདའ་བཞའ་དང་ནི། །མ་ནིང་ཙམ་ཕྲད་འཆའ་བཞིན་ནོ།།
༈ གཉིས་པ་དོན་གྱི་འཇུག་ཚུལ་ལ། །སྔ་མ་གང་ལྟར་གྱུར་པ་དང་། །ཕྱི་མ་གང་ལྟར་འགྱུར་པ་གཉིས། །སྔ་མ་སྔོན་འཇུག་གྲོགས་ཀྱིས་ཏེ། །དཔེར་ན་བཟུང་དང་འཛིན་པར་བྱེད། །བསྐམས་ཟིན་བསྐམ་བྱ་ལ་སོགས་བཞིན། །ཕྱི་མ་གང་ལྟར་འགྱུར་ལ་གཉིས།།   ༈ དང་པོ་རྣམ་དབྱེ་འདྲེན་ཚུལ་ནི། །དཔེར་ན་ཕྱོགས་སུ་ཕྱིན་དང་ནི། །མིག་གིས་བལྟས་པ་ཤེས་ཆེད་དུ། །མེ་ནས་དུད་པའི་དངོས་པོ་བྱུང་། །ཁྱིམ་དུ་འོད་ཀྱང་ཡོད་དོ་བཞིན།།   ༈ གཉིས་པ་མིང་མཐའ་འདྲེན་ཚུལ་ནི། །རྗེས་འཇུག་ཕོ་ཡིས་མིང་གཞི་ཕོ། །དེ་བཞིན་མོ་ཡིས་མོ་ཡིག་དང་། །མ་ནིང་གིས་ནི་མ་ནིང་དྲངས། །རིམ་བཞིན་དཔེར་ན་ཐབ་ཀ་དང་། །མཐིང་ཀ་དང་ནི་འདའ་ཁ་བཞིན། །སྐབས་འགར་རྟགས་མཚུངས་མིན་ན་ཡང་། །རྗོད་བདེའི་དབང་དུ་བྱས་པའང་ཡོད།།  
༈ ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཡི་གེ་འདུས་ནས་མིང་ཕྱུང་སྟེ། །མིང་འདུས་པ་ལས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །དེ་ཡང་མིང་ཚིག་གཞིར་གྱུར་པའི། །སྐད་ཀྱི་གདངས་ནི་ཡི་གེ་དང་། །དོན་གྱི་ངོ་བོ་སྟོན་པ་མིང་། །ཁྱད་པར་སྟོན་པ་ཚིག་ཡིན་ནོ། །དེ་འདྲའི་མིང་ཚིག་རྗོད་པ་ལས། །འཇིག་རྟེན་འཕགས་པའི་རྣམ་གཞག་དང་། །བླང་དོར་མཐའ་དག་གསལ་བྱེད་པས། །རང་རང་དགོས་དོན་ཀུན་འགྲུབ་འགྱུར།།
༈ ཞར་བྱུང་ཚིགས་བཅད་མཐར་ཉིས་ཤད། །ཀ་ག་ཤ་རྐང་ཤད་རེར་བརྩི། །ང་དང་ཤད་བར་ཚེག་རེ་དགོས། །གཞན་ལ་འབྲི་བའི་སྲོལ་མེད་དོ། །ཐིག་མགོར་ཡིག་རྡོག་གཅིག་བྱུང་ན། །སྤུངས་ཤད་གཅིག་དགོས་ཀ་སོགས་ལའང་། །ཚིགས་ལྷུག་བཅད་མཚམས་ཤད་རེ་སྟེ། །རྫོགས་ཚིག་བྱུང་ན་ཉིས་ཤད་དགོས། །བམ་པོ་ལེ་འུའི་མཚམས་དང་ནི། །སྡེ་ཚན་རྫོགས་ཚེ་བཞི་ཤད་བྱ། །འོ་འུ་འམ་གྱི་གོང་དུ་ཚེག །མེད་ན་མཉམ་འདོན་ཡོད་ན་ཕྱེ། །དང་ཀྱོག་གིས་ནི་དབུ་འཛིན་བྱེད། །ཤད་ཀྱིས་ཡིག་ཕྲེང་བར་མཚམས་འབྱེད། །འོན་ཀྱང་སྤུངས་ཤད་ཡིད་དོད་བྱེད། །སྦྲུལ་ཤད་ཀྱིས་ཀྱང་མཚམས་ཆུང་འཛིན། །ཚེག་གིས་མིང་ཡིག་སྡོམ་པར་བྱེད། །མཐའ་ཡིག་གིས་ནི་ཡིག་ཕྲེང་སྡོམ། །དེ་ལ་སོགས་པ་ཡི་གེའི་ཚུལ། །ལེགས་པར་བསླབས་ཏེ་སྤེལ་བར་བྱའོ།།
༈ སྨྲས་པ། དེང་སང་དྲི་མེད་ཐུབ་བསྟན་བཤད་སྒྲུབ་གཞུང་།།
མ་ཉམས་ཇི་བཞིན་བོད་སྐད་ཡི་གེར་བཞུགས།།
དེ་ཕྱིར་བོད་ཀྱི་བརྡ་སྤྲོད་གཞུང་རྣམས་ལ།།
སྦྱང་པ་མཐར་ཕྱིན་མཛོད་ཅིག་སྐལ་བཟང་རྣམས།།

གཞན་ཕན་བློ་ཡིས་ངལ་བ་འདི་བགྱིས་ན། །དགེ་འདིས་འགྲོ་བའི་རྨོངས་པ་དྲུང་ཕྱུང་སྟེ།།
ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ལ། །དབང་བའི་སྐལ་བཟང་མྱུར་དུ་ཐོབ་པར་ཤོག།

ཅེས་པ་འདི་ནི་གསུང་རབ་རྒྱ་མཚོས་མཛད་པའི་སུམ་རྟགས་ཚིགས་བཅད་དང་ཚིགས་ལྷུག་སྤེལ་མར་ཡོད་པ་དེ་ལ་གཞི་བྱས་ཏེ་བློར་ལེན་བདེའི་ཆེད་དུ་འཕྲིས་སྣོན་ཅུང་ཟད་དང་། དབུ་ཞབས་ཚང་མ་ཚིགས་བཅད་དུ་གསེར་དགོན་སངས་རྒྱས་བསྟན་འཛིན་གྱིས་རབ་བྱུང་བཅུ་དྲུག་པའི་ཆུ་སྟག་ལོར་བསྡེབས་པ་དགེ་ལེགས་སུ་གྱུར་ཅིག ། ༼གོར་རྒྱལ་མངའ་འོག་གཤོར་རོང་གསེར་དགོན་བཤད་སྒྲུབ་ཟུང་འབྲེལ་གླིང་གི་ཤིང་པར་ལས་བཤུས་པའོ།།༽


དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་བ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅།   །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌།   །རྟག་ཏ...