Thursday, January 30, 2014

ཤར་ཁུམ་བུ་དོན་གྲུབ་ཆོས་གླིང་དགོན་པའི་ལོ་རྒྱུས་སྙིང་བསྡུས།

དོན་གྲུབ་ཆོས་གླིང་དགོན་པ་ཕྱག་འདེབས་པ་པོ་བླ་མ་རྡོ་རྗེ་བཟང་པོ།

ཤར་པའི་མེས་པོ་ཉང་བརྒྱུད་བླ་མ་རྡོ་རྗེ་བཟང་པོ་ནི་དུས་རབས་བཅུ་དྲུག་པའི་ནང་ཙམ་ལ་བྱུང་བའི་ཤར་པའི་བླ་མ་གྲགས་ཅན་ཞིག་ཡིན་ལ། ཁོང་གི་མཛད་རྣམ་ནི་སྔར་གྱི་རྒན་རབས་ཚོའི་ངག་རྒྱུན་དང་ཡིག་ཆ་ཐར་ཐོར་དུ་གསལ་བ་ཙམ་ལས་རྒྱས་པར་མི་སྣང་ཡང་། བླ་མ་འདི་ཐོག་མར་སྣང་པའི་གངས་ལ་བརྒྱབས་ནས་ཕེབས་མཁན་གསེར་པ་དུང་རྒྱལ་གྱི་སྲས་ཆུང་ཤོས་འཕགས་བརྩེའི་སྲས་ཡིན་ཞིང་། ཕྱིས་སུ་གཤོང་རོང་དུ་རྐྱེན་ངན་འགའ་ཞིག་གི་དབང་གིས་རི་དྭགས་བསད་པས་ཕྱིས་འགྱོད་པ་དང་ངེས་འབྱུང་སྐྱེས་ནས་གཤོང་རོང་ནས་བོད་དུ་དམ་པའི་ཆོས་ལ་བྱོན་ཅིང་། བླ་མ་གྲུབ་ཐོབ་མང་པོ་ཞིག་གི་དྲུང་ནས་དབང་ལུང་ཁྲིད་གསུམ་ཞུས་ཤིང་། ཁྱད་པར་དུ་བླ་མ་ལོ་པ་རས་ཆེན་ཞིག་ལ་སྐྲ་ཕུད་ཕུལ་པས་མཚན་དུ་སྔགས་འཆང་རྡོ་རྗེ་བཟང་པོར་གསོལ། གཤིན་རྗེ་ཚེ་བདག་གི་སྒྲུབ་པ་མཛད་པས་ཡི་དམ་ལྷའི་ཞལ་གཟིགས། བོད་དུ་ཆོས་ཀྱི་སྒྲོ་འདོགས་བཅད་ནས་རང་ཡུལ་དུ་ལོག་སྐབས་རང་གི་རྩ་བའི་བླ་མས་མ་འོངས་པའི་དགོས་པ་དུ་མ་ལ་གཟིགས་ནས་གུརུའི་སྐུ་ཚབ་གཏེར་ལྔའི་གྲས་ཤིག་རྟེན་སྐལ་དུ་གནང་བ་དེ་བསྣམས་ནས་སླར་གཤོང་རོང་དུ་བྱོན།
ཐིམ་མིའི་བུ་མོ་ཆོས་སྐྱོབ་མ་ཞེས་པ་ཁབ་ཏུ་བཞེས་ཏེ་དགོན་པ་ལྗོངས་སུ་གཏན་དུ་བཞུགས་པའི་གཞིས་བཅས་ནས་སྲས་རྡོ་རྗེ་རྒྱལ་མཚན་དང་། སྲས་མོ་བསམ་གྲུབ་བུ་ཁྲིད་གཉིས་འཁྲུངས་ཏེ་བུ་ཚ་རྣམས་རིམ་གྱིས་དར་འཕེལ་བྱུང་། དགོན་པ་ལྗོངས་སུ་དོན་གྲུབ་ཆོས་གླིང་ཞེས་པའི་དགོན་པ་ཐོག་མར་ཕྱག་བཏབ་ཅིང་གསང་ཆེན་སྔ་འགྱུར་བའི་ཆོས་བརྒྱུད་དར་སྤེལ་མཛད། ཁོང་གིས་གདན་དྲངས་པའི་གུརུའི་སྐུ་ཚབ་ནི་ད་ལྟ་དགོན་ལྗོངས་དོན་གྲུབ་ཆོས་གླིང་དུ་ཤར་པ་ཐུན་མོང་བའི་དད་པའི་རྟེན་སྐལ་དུ་བཞུགས་ཤིང་། ཁོང་གི་བསྟེན་སྲོལ་ཡོད་པའི་ཀླུ་མོ་དཀར་མོ་ཞིག་ཡུལ་དཀྱིལ་དུ་ཕོ་བྲང་བཞེངས་ནས་བཞུགས་སུ་གསོལ་བ་དེ་ཉིད་བླ་མ་རྡོ་རྗེ་བཟང་པོའི་བུ་བརྒྱུད་རྣམས་ཀྱིས་ད་ལྟའང་བསྟེན་སྲོལ་ཡོད། ཁོང་གི་མཛད་ཕྲིན་དང་མངའ་ཐང་ཆེས་ཆེར་དར་བའི་རྐྱེན་གྱིས། བླ་མ་དགོན་པ་རྣམས་ཀྱིས་མི་བཟོད་པའི་ཕྲག་དོག་གིས་དགྲ་རུ་བཟུང་ཞིང་། སྐུ་གསུང་ཐུགས་ལ་སྡོ་བའི་ལས་སྣ་ཚོགས་བརྩམས་པ་ལ་རྫུ་འཕྲུལ་གྱིས་ཟོར་འཕངས་པ་སོགས་ཀྱི་ལོ་རྒྱུས་ཧ་ཅང་རིང་། མདོར་ན་བླ་མ་འདི་དགོན་ལྗོངས་སུ་གཞིས་ཀ་ཚུགས་པའི་ཤར་ཁུམ་བུའི་ཕྱོགས་ཀྱི་བླ་མ་གྲགས་ཆེ་བ་ཞིག་དང་། བླ་མ་གསེར་བའི་བུ་བརྒྱུད་རྣམས་ཀྱི་མེས་པོ་ཡང་ཡིན་པ་རེད།

དོན་གྲུབ་ཆོས་གླིང་དགོན་པའི་ལོ་རྒྱུས་སྙིང་བསྡུས།

Dondrub Chosling Monastery of Junbesi |
Photo from Mtncanyon's photostream
དགོན་པ་འདི་ནི་གཏེར་སྟོན་གོང་མ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱི་བརྒྱུད་པ་སྣང་བའི་གངས་ལ་དང་པོར་བརྒྱབས་ཏེ་ཁུམ་བུ་རུ་ཕེབས་མཁན་གསེར་བ་དུང་རྒྱལ་གྱི་ཚ་བོ་བླ་མ་རྡོ་རྗེ་བཟང་པོས་སྤྱི་ལོ་ ༡༧༣༧ ལོར་ཐོག་མར་བཞེངས་པའི་སྔགས་རྙིང་མའི་དགོན་པ་ཞིག་ཡིན་ཞིང་། དགོན་ལྗོངས་ཡུལ་གཞི་ཡང་དེའི་སྐབས་དང་པོར་ཆགས། སྐབས་དེར་ཕྱི་དཔལ་འབྱོར་གྱི་མཐུན་རྐྱེན་ཞན་ཅིང་གྲོང་ཁྱིམ་ཉུང་བའི་རྐྱེན་གྱིས་དགོན་པ་འདི་དེ་ཙམ་རྒྱ་ཆེན་པོ་མེད་ཀྱང་། རྗེས་སུ་གསེར་བ་དུང་རྒྱལ་གྱི་གདུང་རབས་དགུ་པ་དང་བཅུ་པ་པདྨ་མཐུ་སྟོབས་དང་རྡོ་རྗེ་འཇིགས་བྲལ་ཡབ་སྲས་ཀྱིས་རྒྱ་སྐྱེད་མཛད་པས་དུས་དེ་ནས་བཟུང་བླ་མ་གསེར་བའི་མངའ་ཐང་ཇེ་ཆེར་གྱུར། འོན་ཀྱང་དུས་རབས་བཅོ་བརྒྱད་པའི་ནང་དུ་དགོན་པ་འདི་ཐེངས་གཅིག་མེས་འཇིགས་པར་བརྟེན་སྐབས་དེར་སྐུ་ཚབ་གཏེར་ལྔ་དགོན་འདིར་འབྱོར་བའི་ལོ་རྒྱུས་དང་དགོན་པའི་དཀར་ཆག་གསེར་བྲིས་མ་ཞིག་ཀྱང་རྩ་བརླག་ཏུ་གྱུར་ཅིང་། ད་ལྟ་ཆུ་ནག་པོ་ན་ཡོད་པའི་ལུང་ཡིག་སེར་པོ་ཡང་དེ་དུས་ཟུར་ཞིག་ལ་མེ་སྐྱོན་ཤོར་བ་ད་དུང་མཇལ་རྒྱུ་ཡོད། དགོན་པ་ཉམས་གསོ་མཛད་ནས་ཡུན་རིང་སོང་སྟེ་སླར་གོག་སྐྱོན་ཤོར་བར་བརྟེན་སྤྱི་ལོ་ ༡༩༡༤ ལོར་རྨང་ནས་བཤིག་སྟེ་ད་ལྟ་ཡོད་པའི་བཀོད་པ་འདི་གསར་དུ་བཞེངས་པ་དང་། སྤྱི་ལོ་ ༡༩༣༤ ལོའི་ས་ཡོམ་གྱིས་ཀྱང་ཉམས་ཆག་གང་ཡང་མ་བྱུང་བར་སྣང་། དགོན་འདིའི་ནང་གི་ལྡེབས་རིས་རྣམས་ཧ་ཅང་སྤུས་ཚད་ལེགས་ཤིང་། ནང་རྟེན་གྱི་གཙོ་བོ་ནི་བླ་མ་རྡོ་རྗེ་བཟང་པོས་གདན་དྲངས་པ་གཟུངས་སུ་སངས་རྒྱས་འོད་སྲུང་གི་རིང་བསྲེལ་བཞུགས་སུ་གསོལ་བའི་གུརུའི་སྐུ་ཚབ་གཏེར་ལྔ་དང་། དེ་དང་ལྷན་གཏེར་ཕུར་ཞིག་ཀྱང་བཞུགས། གཞན་ཡང་སྟོན་པ་གཙོ་འཁོར་གསུམ་དང་། ཉེ་བའི་སྲས་ཆེན་བརྒྱད་ཀྱི་འཇིམ་སྐུ། གསུང་རྟེན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གཉིས་དང་དགོངས་འགྲེལ་བསྟན་འགྱུར་གྱི་གླེགས་བམ་པོད་བཞི་བརྒྱ་སུམ་ཅུ་སོ་གཅིག་བཞུགས།

Statue of Buddha Amitabha in Dondrub Chosling Monastery
Photographer: Lindsay
བླ་མ་རིག་འཛིན་སངས་རྒྱས་བསྟན་པའི་བདག་རྐྱེན་ལས་བཞེངས་པ་ད་ལྟ་གཙུག་ལག་ཁང་གི་ནང་དུ་ཡོད་པ་རྒྱལ་བ་འོད་དཔག་མེད་ཀྱི་སྐུ་མཐོ་ཚད་ལ་སྤྱི་སོར་ཉིས་བརྒྱ་ཉི་ཤུ་རྩ་གཉིས་སྟེ་མི་ཊར་དྲུག་ཡོད་པ་དང་། དགོན་ལྗོངས་བླ་མ་དོན་གྲུབ་བཀྲ་ཤིས་ཀྱིས་སྦྱིན་བདག་གནང་སྟེ་དེའི་གཡས་ཕྱོགས་སུ་བཞུགས་པའི་འཕགས་པ་སྤྱན་རས་གཟིགས་དང་། ཡུལ་པ་སྤྱིས་བཞེངས་པ་གཡོན་ཕྱོགས་སུ་བཞུགས་པའི་གུརུཔདྨ་འབྱུང་གནས་ཀྱི་སྐུ་རྟེན་ལ་མཐོ་ཚད་མི་ཊར་ཕྱེད་ལྔ་རེ་ཡོད་པ་དང་། གསེར་ཟངས་ཀྱི་གུརུ་གསུང་བྱོན་མ་གཙོ་བོར་གྱུར་པའི་གསེར་སྐུ། བསམ་གཏན་རྡོ་རྗེའམ་ཉང་རིགས་པདྨ་མཐུ་སྟོབས་ཀྱི་སྐུ་གདུང་གསེར་ཟངས་ལས་གྲུབ་པའི་མཆོད་རྟེན་དང་དེའི་སྲས་ཆུང་ཤོས་རིག་འཛིན་དབང་པོའམ་རྡོ་རྗེ་འཇིགས་བྲལ་གྱི་སྐུ་དམར་གདུང་། མགོན་ཁང་དུ་ཡི་དམ་རྡོ་རྗེ་ཕུར་པ་དང་། བསྟན་སྲུང་ལེགས་ལྡན་ནག་པོ། མགོན་པོ་ཕྱག་བཞི་པ་བཅས་བཞུགས། གཞན་ཡང་འཆམ་གོས་དང་རོལ་མོ་མཆོད་ཏིང་སོགས་མདོར་ན་དགོན་པ་ལ་ཉེ་བར་མཁོ་བའི་ཡོ་བྱད་མ་ཚང་བ་མེད་པ་བཞུགས།
ཕྱག་མཆོད་ཀྱི་རིམ་པ་ལ་དགོན་འདིར་ལོ་ལྟར་བཞིན་དཔལ་དུས་ཀྱི་འཁོར་ལོའི་ལོ་མཇུག་ཤར་པའི་ཟླ་བ་གཉིས་པའི་ཚེས་ཉེར་བདུན་ནས་དབུ་བཙུགས་ཏེ་གནམ་སྟོང་བར་ཞག་བཞིའི་རིང་བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲངས་ཤིང་། ཏིང་འཛིན་རྣམ་པ་གསུམ་གྱིས་ཁོག་དབུབ་དང་། སྲོག་སྡོམ་གཟེར་བཞིའི་རྒྱས་འདེབས་ཀྱིས་བྱང་གཏེར་ཕུར་པ་དྲིལ་སྒྲུབ་ཀྱི་སྒྲུབ་པ་འཚོགས་ཏེ་དད་ལྡན་མང་ཚོགས་ལ་འཆམ་གྱི་མཇལ་ཁ་དང་ཁྲོམ་དབང་སྐུར་སྲོལ་ཡོད་ལ། དུས་རབས་ཉི་ཤུ་པའི་འགོ་ཡན་ལ་སྤྱི་པ་མི་བཞི་རེས་ཕུར་སྒྲུབ་ཞག་བཞིའི་རིང་སེར་སྐྱ་མང་ཚོགས་ལ་སྔ་དགོང་གི་ཞལ་ལག་རྒྱུན་དུ་འདྲེན་དགོས་པར་བརྟེན་དཀའ་ཚེགས་མང་དུ་བྱུང་ཡང་། ཕྱིས་སུ་མི་མང་གི་དཀའ་ངལ་ལ་གཟིགས་ཏེ་བླ་མ་རིག་འཛིན་སངས་རྒྱས་བསྟན་པས་སྒྲུབ་མཆོད་ཀྱི་ལས་མཛད་ཁོ་ན་ལས་མང་ཚོགས་ལ་ཞལ་ལག་འདྲེན་སྲོལ་རྒྱུན་བཅད། གཞན་ཡང་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔར་སྨྱུང་གནས་དང་། དྲུག་པའི་ཚེས་བཞི་སོགས་ངེས་དང་མ་ངེས་པའི་མཆོད་པ་སྣ་ཚོགས་འཚོགས་སྲོལ་ཡོད་ཅིང་། སྔ་དུས་བཅའ་ཡིག་ཏུ་གསལ་བ་ལྟར་ཟླ་བ་ཡིན་ནོ་ཅོག་གི་ཚེས་བཅུ་ལ་དུས་རྒྱུན་ཚེས་བཅུའི་ཚོགས་འཁོར་གཏོང་སྲོལ་འདུག་ཀྱང་དེང་སང་རྒྱུན་ཆད་པ་མ་འོངས་པའི་ཆར་བསྐྱར་གསོ་གནང་དགོས་པར་འདུག་ཅིང་། དགོན་འདི་སྔར་བླ་མ་རྡོ་རྗེ་བཟང་པོས་བཞེངས་པ་ཡིན་སྟབས་དེའི་བུ་བརྒྱུད་བླ་མ་གསེར་བ་ཚང་མ་དགོན་འདིའི་བདག་པོ་ཡིན་ཡང་། དེང་སང་ཕྱོགས་དུས་ཀྱི་དབང་གིས་བླ་མ་གསེར་བའི་རིགས་རྒྱུད་འགའ་ཤས་མ་གཏོགས་དགོན་འདིར་སྒྲུབ་མཆོད་གཏོང་གིན་མེད་ལ། ཕྱག་མཆོད་གཞན་ནི་སྤྱི་སྒེར་སུ་ལའང་སོ་སོའི་འདོད་མོས་ལྟར་ཀུན་ཀྱི་ཕྱག་མཆོད་དགེ་སྒྲུབ་བྱ་སའི་གནས་སུ་གྱུར་ཡོད།
           
            དགོན་པ་ལྗོངས་ཀྱི་ཡུལ་འདིར་རྒྱལ་བའི་བཀའ་འགྱུར་ཚར་གསུམ་དང་བསྟན་འགྱུར་ཚར་གཉིས་ཡོད་ཅིང་། བླ་མ་རིག་འཛིན་སངས་རྒྱས་བསྟན་པའི་ཡབ་ཀརྨ་ཆོས་དར་དང་ཚེ་དབང་ཡེ་ཤེས་གཉིས་ཀྱིས་དུས་རབས་བཅུ་དགུ་པའི་ནང་བཞེངས་པའི་བྱ་རུང་ཁ་ཤོར་གྱི་མཆོད་རྟེན་དང་། དེའི་མཐའ་སྐོར་གྱི་ཟངས་ཀྱི་མཎི་ལག་འཁོར་ནི་སྤྱི་ལོ་ ༢༠༠༢ ལོར་དགོན་ལྗོངས་བླ་མ་ངག་དབང་བསྟན་འཛིན་དང་སྲས་ཉི་མ་རྒྱལ་མཚན་ཟུང་གིས་སྦྱར། བླ་མ་རྡོ་རྗེ་བཟང་པོའི་དུས་ནས་བཟུང་བསྟེན་སྲོལ་ཡོད་པའི་ཀླུ་མོ་དཀར་མོའི་ཕོ་བྲང་དང་མཆོད་རྟེན་བྱིན་རླབས་ཅན། རྡོ་རྗེ་འཇིགས་བྲལ་ཀྱི་སྲས་ཁྱབ་བདག་ཀརྨ་ངེས་དོན་གྱི་དགོན་པ་རྙིང་པའི་གྱང་རོ་བཤིག་སྟེ་དུས་རབས་ཉི་ཤུ་པའི་འགོ་ཙམ་ན་བཞེངས་པའི་གཡི་ལྡིང་མ་བྱང་ཆུབ་མཆོད་རྟེན། བྲེ་སྒང་ཏོག་བླ་མ་ཀརྨ་དོན་གྲུབ་ཀྱིས་བཞེངས་པའི་དགོན་པར་ནང་རྟེན་བཀའ་བསྟན་དང་། ཁྱད་པར་ཕྱིས་སུ་ཁྱབ་བདག་ཀརྨ་ངེས་དོན་གྱི་གཙུག་ལག་ཁང་རྙིང་པའི་ནང་རྟེན་ཡང་དགོན་འདིར་བཞུགས་སུ་གསོལ་བས་ནང་བརྟེན་ཁྱད་དུ་འཕགས་པ་དུ་མ་ཞིག་དགོན་ལྗོངས་ཡུལ་དུ་བཞུགས་པ་སོགས། མདོར་ན་གོང་དུ་སྨོས་པས་མཚོན་ཡུལ་འདི་ནི་རྒྱལ་བའི་སྐུ་གསུང་ཐུགས་རྟེན་མང་ཤོས་ཡོད་པའི་ཤར་པའི་ཡུལ་ལུང་ཁྱད་པར་ཅན་ཞིག་ཡིན་པ་ལོ་རྒྱུས་དག་ལས་གསལ་བ་ལྟར་རོ།།

བྲག་དཀར་རྟ་སོ་སྤྲུལ་སྐུ་ཆོས་ཀྱི་དབང་ཕྱུག་གམ་མི་ཕམ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་དགོན་ལྗོངས་དོན་གྲུབ་ཆོས་གླིང་གི་བཅའ་ཡིག་བཞུགས་སོ།

སྭསྟི། བགྲང་ཡས་རྒྱལ་བ་རྒྱ་མཚོའི་གསང་གསུམ་དཔྱིད། །མ་སྤངས་མཚོ་སྐྱེས་པད་འབྱུང་བདེ་ཆེན་རྒྱལ། །དཔལ་ལྡན་བླ་མའི་ངོ་བོར་རོ་གཅིག་པར། །གུས་པས་ཕྱག་བགྱིས་དགེ་ལེགས་བདེ་འབྱོར་མཛོད། །ཐར་འདོད་ངན་འགྲོའི་གཡང་ས་ལ་གྲོལ་ཏེ། །རྣམ་མཁྱེན་གྲོལ་བདེའི་ས་ལ་དགོད་སླད་དུ། །མ་ནོར་བླང་དོར་གསལ་བའི་བཅའ་ཡིག་འདི། །དོན་གཉེར་སྤྱི་ཡིས་བླངས་ཏེ་སྙིང་ལ་སིམ། །དེ་ཡང་བླ་མ་དམ་པ་རིག་འཛིན་གོང་མའི་ཕྱག་བཏབ་པའི་སྒྲུབ་སྡེ་དོན་གྲུབ་ཆོས་གླིང་དུ་གྲགས་པ་མ་ལག་དང་བཅས་པའི་རྗེ་བཙུན་རྣམས་ནས། དུས་དང་གནས་སྐབས་ཐམས་ཅད་དུ་ལུས་ངག་ཡིད་གསུམ་ཆོས་དང་གང་མཐུན་དགེ་བློའི་འདུན་པ་དང་མ་བྲལ་བའི་རང་ཁྲིམས་རང་གིས་སྲུང་བ་ཞིག་དགོས་པ་ནི་ཆོས་བྱས་པའི་དགོས་པ་ཡིན་ལགས། དེ་ལྟར་མ་ཡིན་པར་བག་མེད་ཀྱི་བསམ་སྦྱོར་ཕྱིན་ཅི་ལོག་མི་དགེའི་སྤྱོད་ངན་ལྷུན་བླངས་ན་འཇིག་རྟེན་ཁྱིམ་པ་མི་ནག་པ་དང་ཁྱད་པར་ཅི་ཡོད། དེ་ལ་བོད་དབུས་གཙང་ལྟ་བུའི་རབ་བྱུང་ཁྲིམས་ལྡན་གྱི་སྡེ་ཕྱོགས་འདིར་དུས་དབང་གིས་མ་དར་བས་རོང་ཡུལ་མཐའ་འཁོབ་ལྟ་བུར་སོང་། ཕོ་མོ་ཁྱིམ་པའི་སྡེ་དར་སའི་མིག་ལྟོས་ངན་པར་བཅོས་ཐབས་དཀའ་ཞིང་། སྔ་བར་ནས་ཀྱང་དགོན་པའི་སྒྲིག་ལམ་ཚུལ་མཐུན་གྱི་བཅའ་ཡིག་ཅིག་མ་བྱུང་འདུག་པས། ཕྱིན་ཆད་ཆོས་མཐུན་གྱི་ལམ་ལ་སློབ་པ་ཞིག་བརྩོན་ཡང་དགོས་པས་དྲན་འཛིན་གྱིས་བླང་དོར་བཅའ་ཡིག་འགོད་པ་ལ། ཆོས་སྒོར་བཞུགས་ནས་ཡོན་ཏན་ཀུན་ཀྱི་གཞི་མ་འབྲི་ཀློག་བློ་འཛིན་སློབ་གཉེར་གྱི་རིམ་པ་ལ་འདོན་འཛིན་སོགས་རྒྱུགས་འཕེར་བ་དགོས། རྒན་པའི་གྲས་སྔར་དབང་ལུང་ཁྲིད་གསུམ་ཐོབ་པ་རྣམས་སྔོན་འགྲོ་ཕྱག་འབུམ། ཡིག་འབུམ་མཎྜལ་ཡིག་བརྒྱ། གསོལ་འདེབས་འབུམ་ཐེར་དང་། དངོས་གཞི་ཡི་དམ་ལྷའི་སྔོན་འགྲོ་ཟབ་ལམ་བླ་མའི་རྣལ་འབྱོར། མཎི་ཡིག་དྲུག་སོགས་ཟླ་རེ་ནས་བསགས་ཏེ་མཚམས་སྒྲུབ་གང་ཐུབ་བྱོས། ཆོས་མ་ཐོབ་པ་རྣམས་ཀྱིས་ཆོས་སྒྲུབ་སྐོར་རྣམ་གསུམ[1]། ཡང་ཟབ་དཀོན་མཆོག་སྤྱི་འདུས[2]། ཆོས་ལོངས་སྤྲུལ་གསུམ[3]། རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ[4]་སོགས་ཀྱི་དབང་ལུང་ཁྲིད་གསུམ་ངེས་པར་འཐོབ་པར་བྱོས། ཆོས་བྱས་ནས་ཐུན་མོང་སོ་ཐར་གྱི་སྡོམ་པ་སྐྱབས་སྡོམ་ཚངས་སྤྱོད་དགེ་བསྙེན་ཙམ་ལས་མ་བྱུང་ཡང་སྲུངས། ཐེག་མཆོག་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་མནོས་ནས་མ་ཉམས་པ་དང་། ཁྱད་པར་སྔགས་ཀྱི་དབང་བསྐུར་ཐོབ་པོ་ཕྱིན་རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་མ་ཉམས་པར་ཅི་ནུས་སུ་སྲུང་བ་གལ་ཆེ་ཞིང་། གཙོ་བོར་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཡན་ལག་དང་བཅས་པ་དང་། རྡོ་རྗེ་སྤུན་ནང་དུ་དག་སྣང་སྦྱོང་བའི་དམ་ཚིག་སྲུངས། དེང་སང་དུས་དབང་གིས་བླ་མའི་དམ་ཚིག་རྒྱུ་འབྲས་ཁྱད་དུ་བསད་པའི་རང་གཞན་གཡང་ལྷུང་གི་དམ་སེལ་ཞུགས་པ་ཁོ་ན་མང་བས། དེ་རིགས་སུ་མ་སོང་བར་འཇིགས་དང་ཁེ་ཉེན་ཆེན་པོ་བསམས་པའི་སྒོ་ནས་ནན་ཏན་དུ་འབད་དེ་བསྲུང་དགོས། སྡིག་པ་མི་དགེ་བ་ཐམས་ཅད་ཚུར་བསྡུས་ཤིང་། སྲོག་གཅོད་པ་དང་། མ་བྱིན་ལེན་པ་དང་། འདོད་ལོག་སྤྱོད་པ་སྟེ་ལུས་ཀྱི་ལས་གསུམ། རྫུན། ཕྲ་མ། ཚིག་རྩུབ། ངག་ཀྱལ་ཏེ་ངག་གི་ལས་བཞི། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ། མཚམས་མེད་ལྔ[5]། ཉེ་བ་ལྔ[6]། ལྕི་བ་བཞི[7]། ལོག་པ་བརྒྱད་[8]རྣམས་ཅི་ནུས་ཀྱིས་སྤངས་ཤིང་། དེའི་གཉེན་པོར་དགེ་བ་བཅུ[9]། ཆོས་སྤྱོད་བཅུ[10]། སེམས་བསྐྱེད་འགྱུར་བ་བཅུ། ཕར་ཕྱིན་དྲུག་[11]སོགས་སྐྱེ་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་ལ་སློབ་ཆེད་རང་རང་གིས་ཐོས་བསམ་དང་བླ་མས་གང་གསུངས་པ་རྒྱུད་ལ་སྦྱར་བས་བླང་དོར་ཅི་ནུས་ཀྱི་བློས། དུས་ངན་གྱི་རྟགས་དཀོན་མཆོག་གི་སྐུ་གཟུགས་དང་གསུང་རབ་ཉོ་ཚོང་།  བུ་ཚ་གསོད་པ། དུག་སྦྱོར་ངན་སེམས་ཁོང་དུ་བཅུག ཕ་རོལ་པོར་ངན་སྔགས། མཐུ་གཏད། གཡོ་སྒྱུ། ཟོག་པོ། གཏེར་རྫུ། མངོན་ཤེས་༼མིང་གང་མཐོ་༽གྲུབ་རྟགས། བླ་མ་མཆེད་གྲོགས་ལ་རྒོལ་བའི་འཁྲུག་རྩོད་ངན་སེམས་ཞུགས་པ་འདི་རིགས་གཏན་ནས་མི་བྱེད་པ་ཞིག་གལ་ཆེ། ཚེས་བཅུའི་མཆོད་པ། བླ་མ་གོང་མའི་སྐུ་མཆོད། དུས་བཞིའི་བསྙེན་གནས། སྨྱུང་གནས། རྒྱུན་དུས། ཉ་སྟོང་བརྒྱད་གསུམ་གྱི་རྣམ་དཀར་མཆོད་འབུལ་[12]ལ་བརྩོན་ཅིང་ཆོ་ག་ཕྱག་ལེན་གང་ཡིན་ཡང་གཏེར་གཞུང་ཁོ་ན་ལས་གཞན་གྱིས་བསྲེས་ལྷད་ཆོས་ལོག་བརྒྱུད་པ་སེལ་ཅན་བསྲེས་པ་སོགས་གང་དྲན་མི་བྱེད་པར་གཙང་སིང་ངེ་བ་ཞིག་དགོས།
            དར་མ་དང་གཞོན་པ་རྣམས་ནས་གཏོར་བཟོ་དབྱངས་རོལ། དུང་རྒྱ་གླིང་། རྔ་རྡུང་སོགས་ལ་དང་འདོད་ཀྱིས་གྲ་གང་འགྲིགས་བྱ། ཁྱད་པར་ཚེས་བཅུའི་མཆོད་པ་འདི་རེད་རང་རྙིང་མ་པ་རྣམས་ཀྱིས་གཙོ་བོར་འདོན་དགོས་པས་མ་ཆག་པ་དང་། རྒྱུན་དུ་གུརུའི་གསོལ་འདེབས་ལེའུ་བདུན་མ་དང་། བསམ་ལྷུན། བར་ཆད་ལམ་སེལ། བཛྲགུརུའི་ཉམས་ལེན་ལ་འབུངས། ནག་ཆང་གིས་ཁྲིམས་སྡོམ་པར་ཡུལ་སྲོལ་ངན་པས་སེར་ཁྱིམ་པར་སོང་༼ངམ་༽པར་དཀའ་ཡང་། ནག་མོའི་ལེགས་ཉེས་བྱུང་ན་བཤགས་པར་རབ་ཚོགས་སྒྲུབ། འབྲིང་གནས་སྐོར། ཐ་མ་ཞོ་འགྱེད་ཚོགས་འཁོར། དར་ཅོག་རྣམས་ཚུགས། ༼མར་མགོ་༽མགོ་སྐོར་་་ ནི་གཏན་ནས་བྱ་མི་ཆོག་ཅིང་། གལ་སྲིད་༼མར་མགོ་༽བྱས་ན་བཤགས་པ་གོང་གསལ་ལྟར་ལྡབ་འཕར་དང་། ཚོགས་ཞོ་ཐུག་དར་རྣམས་སྒྲུབ་དགོས། ཟླ་ཟས་སུ་དྲག་པའི་འདུག་ཚོང་ལེགས་ཉེས་ཚོང་བྱེད་སོགས་ཁོ་ན་བྱེད་པ་ནི་མིག་ལྟོས་ངན་པའི་སྲོལ་ངན་ཡིན་པས་མི་བྱ། བླ་མ་དང་སྤྲུལ་སྐུ་སོགས་ཆོས་ལུགས་མི་གཅིག་ཅིང་དམ་ཉམས་ཆོས་ལོག་འདྲེས་ཁྱེར། གཏེར་རྫུ་ཟོག་འཁྱམས་ཀྱི་རྗེས་སུ་ནམ་ཡང་མི་འབྲང་ཞིང་། དེ་འདྲའི་རྗེས་སུ་ཨ་གསར་གྱིས་མི་ཞུགས། བློ་རྩལ་བའི་རིག་པ་ཅན་བྱུང་ན་ལྷ་རིས་འབུར། རྩིས་སྐར་ནག སྙན་གསོ་ཁྱབ་རིག་[13]ལ་སོགས་ཚུལ་ལྡན་མཐར་ཕྱིན་པར་བསླབས་ཤིང་། དེ་ཡང་འོལ་ཚོད་རྫུན་ཟོག་གིས་སེམས་ཅན་དང་གཞན་གྱི་ལད་སོད་རང་སྣང་གང་ཤར་དྲན་ཚད་མི་བྱེད་པར་རང་ཚུགས་ཐུབ་པ་དགོས། དེ་ལྟར་༼མགོ་འགོ་༽རང་སེམས་དཔང་དུ་བཙུགས་ཏེ་ལུས་ངག་ཡིད་གསུམ་ཆོས་དང་གང་མཐུན་བྱ་ཞིང་། ཁོག་སྟོད་ལ་སྟོན་པ་མེད། ཁོག་སྨད་ལ་སྡོམ་པ་མེད་པའི་ཆོས་གཟུགས་བསྟན་པའི་ཞབས་འདྲེན། རྒྱུ་འབྲས་ཁྱད་དུ་བསད་ནས་བསྟན་པའི་དམར་ལས་མཁན་ཡིན་པས་དེ་འདྲ་མ་སོང་བའི་བླང་དོར་ཆོས་བཞིན་བྱས་ཏེ་དཀོན་མཆོག་དབྱིངས་ནས་ཞེ་མི་ཁྲེལ་བ་ཞིག་བྱུང་ན་མི་ལུས་དལ་འབྱོར་དང་ལྡན་པ་འཕྲལ་ཡུན་སྐྱིད་ལགས། དེ་ལས་མི་དགོས་པའི་ཆོས་འགལ་གྱི་ཉེས་སྤྱོད་གང་ཡང་རུང་བ་སུ་ཐད་ནས་བྱས་ཚེ་བླ་མ་དཀོན་མཆོག་དང་རྩ་གསུམ་དམ་ཅན་ལེགས་ཉེས་ཀྱི་སྟངས་འཛིན་རྣམས་ཀྱིས་བཀའ་ཡི་ཆད་པ་དྲག་པོ་དང་། འདི་དང་ཕྱི་མར་ངན་འགྲོའི་སྡིག་ལྟུང་ཉམས་ཉེས་མི་ཟད་པའི་རྒྱུ་མྱོང་འགྱུར་ལ་སོམ་ཉི་མི་དགོས་པར་སྤང་བླང་ཚུལ་བཞིན་དུ་བྱེད་པ་གལ་ཆེའོ།།
ཞེས་པའི་བཅའ་ཡིག་ཀྱང་རང་གི་སློབ་བུ་ཉང་རིགས་བླ་མ་ཨོ་རྒྱན་བསྟན་འཛིན་ནས་དགོས་ཚུལ་ལྟར་བྲག་དཀར་རིག་འཛིན་ཆོས་ཀྱི་དབང་ཕྱུག་[14]གིས་བྲིས། ཕྱི་རྒྱ་མཚོའི་སྡེས་མང་ཡུལ་གནས་ཀྱི་རི་ཁྲོད་ལེའུ་དགོན་ངེས་དོན་དར་རྒྱས་གླིང་ནས་བྲིས།

ཟུར་མཆན། གོང་གི་བཅའ་ཡིག་འདི་ལ་ཐེལ་ཙེ་གཉིས་བརྒྱབས་འདུག་ཅིང་། གོང་གི་ཐེལ་ཙེ་སྒོར་མོ་དང་། གཤམ་གྱི་ཐེལ་ཙེ་གྲུ་བཞིར་འདུག ཡི་གེ་ནི་དབུ་མེད་ལ་བྲིས་འདུག་ཅེས་ངོས་བཤུས་གནང་མཁན་གྱིས་མཆན་བུ་བཀོད་འདུག  བཅའ་ཡིག་འདི་སྤྱི་ལོ་ ༢༠༡༡  ལྕགས་ཡོས་ལོར་ཤར་ཁུམ་བུ་དགོན་ལྗོངས་དོན་གྲུབ་ཆོས་གླིང་དགོན་དུ་བཛྲགུརུ་དུང་སྒྲུབ་སྐབས་ཤར་པ་བླ་མ་ཐུབ་བསྟན་གྱིས་འགྲེམས་སྤེལ་གནང་བའི་དེབ་ཆུང་ 《དགོན་ལྗོངས་དགོན་པ་དོན་གྲུབ་ཆོས་གླིང་དགོན་པའི་སྐོར།》 ཞེས་པ་ལས་བཤུས་ཀྱང་། ཡིག་ནོར་མང་ཞིང་བཅའ་ཡིག་དངོས་དང་དཔེ་སྡུར་བྱ་རྒྱུའི་གོ་སྐབས་མ་བྱུང་མོད། འདིར་ཕྲན་ནས་དག་བཅོས་དང་ཟུར་མཆན་བཅས་ཁ་གསལ་གྱིས་རྩིས་འཕྲུལ་དུ་བསྐྱར་འཇུག་ཞུས་པ་ཙམ་ཡིན་པས་མ་དཔེ་དང་ཞིབ་སྡུར་མཛད་དགོས་པ་གལ་ཆེའོ།། །།སརྦམངྒལཾ།།  ཤར་ཕྲུག་ཚེ་དབང་རིག་འཛིན་གྱི་སྤྱི་ལོ་ ༢༠༡༣ ཟླ་བ་ ༡༢ ཚེས་ ༢༨ ཉིན།





[1] གཏེར་ཆེན་རིག་འཛིན་རྒོད་ལྡེམ་གྱི་གཏེར་ཆོས་བྱང་གཏེར་སྒྲུབ་སྐོར་རྣམ་གསུམ་སྟེ།  ཕྱི་སྒྲུབ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་དང་། ནང་སྒྲུབ་རིག་འཛིན་གདུང་སྒྲུབ། གསང་སྒྲུབ་རྡོ་རྗེ་དྲག་པོ་རྩལ་གསུམ་མོ།།
[2] རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་ཆོས་བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས།
[3] ཀཿཐོག་རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་བྱོན་སྐུ་གསུམ་སྒྲུབ་ཐབས་སྐོར་སོགས།
[4] སྨིན་གླིང་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྐོར།
[5] མཚམས་མེད་ལྔ་ནི། ཕ་གསོད་པ་དང༌། མ་གསོད་པ། དགྲ་བཅོམ་གསོད་པ། དགེ་འདུན་གྱི་དབྱེན་བྱེད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ་ལྔའོ།།
[6] ཉེ་བ་ལྔ་ནི། མ་དང་དགྲ་བཅོམ་སུན་འབྱིན་པ། བྱང་ཆུབ་སེམས་དཔའ་ས་ལ་གནས་པ་གསོད་པ།  སློབ་པ་གསོད་པ། དགེ་འདུན་གྱི་འདུ་པའི་སྒོ་འཕྲོག་པ། མཆོད་རྟེན་འཇིག་པ་དང་ལྔའོ།། 
[7] ལྕི་བ་བཞི་ནི།  ཉམས་པའི་ལྕི་བ་བཞི།  སྨོད་པའི་ལྕི་བཞི།  ལོག་པའི་ལྕི་བ་བཞི།  བསྐུར་བའི་ལྕི་བ་བཞི་སྟེ།  དེ་ལ་ནང་ཚན་དུ་དབྱེ་ན།  ༡༽ ཉམས་པའི་ལྕི་བ་བཞི་ནི།  མི་ཆོས་ལ་མནའ་ཟོས་པ་ལྕི།  ཉན་ཐོས་ལ་འདུལ་ཁྲིམས་ཉམས་པ་ལྕི།  བྱང་ཆུབ་སེམས་དཔའ་ལ་བསླབ་ཁྲིམས་ཉམས་པ་ལྕི།  གསང་སྔགས་ལ་དམ་ཚིག་ཉམས་པ་ལྕིའོ།།  ༢༽ སྨོད་པའི་ལྕི་བ་བཞི་ནི།  གཏི་མུག་གི་དབང་གིས་འཕགས་པའི་སྐུ་ལ་སྨོད་པ་ལྕི།  ང་རྒྱལ་གྱི་དབང་གིས་བདེན་པའི་ཚིག་ལ་སྨོད་པ་ལྕི།  ཕྲག་དོག་ཀྱི་དབང་གིས་གྲོགས་ཀྱི་ཡོན་ཏན་ལ་སྨོད་པ་ལྕི།  ཕྱོགས་རིས་ཀྱི་དབང་གིས་ལྷ་ལ་བླང་དོར་བྱས་པ་ལྕིའོ།། ༣༽ ལོག་པའི་ལྕི་བ་བཞི་ནི།  མཉམ་ཉིད་ཆོས་ལ་ཁྱད་འདོན་ལྕི།  རང་བཞིན་དག་ལ་གལ་འཇུག་ལྕི།  མཚམས་མེད་ལྔ་ལ་ཁྲག་ཕྱུང་ལྕི།  མི་དགེ་བཅུ་ལ་ལོག་ལྟ་ལྕིའོ།།
[8] ལོག་པ་བརྒྱད་ནི། ཕྱི་ཡི་ལོག་པ་བཞི་དང་ནང་གི་ལོག་པ་བཞི་སྟེ།  ༡༽ཕྱི་ཡི་ལོག་པ་བཞི་ནི།  དད་པ་ཅན་གྱི་ཚོགས་བཅག་པ།  དགེ་བ་ཅན་གྱི་ཐུགས་ཀྲུག་པ།  དཀར་པོའི་ཆོས་ལ་མི་དད་ཅིང་སྨོད་པ།  ནག་པོའི་ཆོས་ལ་དད་ཅིང་བསྟོད་པའོ།། ༢༽ནང་གི་ལོག་པ་བཞི་ནི།  བླ་མ་སྤོང་བ།  གྲོགས་ལ་གདུང་སེམས་བཅད་པ།  ཡི་དམ་གྱི་ལྷ་སྤོང་བ།  དཀྱིལ་འཁོར་ཉེན་པོའི་སྒྲུབ་པ་དང་།  མཚམས་བཀྲལ་བའོ།། 
[9] དགེ་བ་བཅུ་ནི། སྲོག་གཅོད་སྤོང་བ། མ་བྱིན་ལེན་སྤོང་བ། མི་ཚངས་སྤྱོད་སྤོང་བ། རྫུན་སྤོང་བ། ཚིག་རྩུབ་སྤོང་བ། ཕྲ་མ་སྤོང་བ། ངག་ཀྱལ་སྤོང་བ། བརྣབ་སེམས་སྤོང་བ། གནོད་སེམས་སྤོང་བ། ལོག་ལྟ་སྤོང་བ་བཅས་བཅུའོ།།
[10] ཆོས་སྤྱོད་བཅུ་ནི། གསུང་རབ་ཀྱི་ཡི་གེ་འབྲི་བ་དང༌། མཆོད་པ་འབུལ་བ། སྦྱིན་པ་གཏོང་བ། ཆོས་ཉན་པ། འཛིན་པ། ཀློག་པ། འཆད་པ། ཁ་ཏོན་དུ་བྱ་བ། ཆོས་ཀྱི་དོན་སེམས་པ། ཆོས་ཀྱི་དོན་སྒོམ་པ་བཅས་བཅུའོ།།
[11] པར་ཕྱིན་དྲུག་ནི། སྦྱིན་པ་གཏོང་བ། ཚུལ་ཁྲིམས་སྲུང་བ། བཟོད་པ་སྒོམ་པ། བརྩོན་འགྲུས་རྩོམ་པ། བསམ་གཏན་སྒོམ་པ། ཤེས་རབ་ལ་སློབ་པ་དང་དྲུག་གོ།
[12] ཚེས་བཅོ་ལྔ་དང་། གནམ་གང་། ཚེས་བརྒྱད་གསུམ་གྱི་དུས་མཆོད།
[13] སྙན་གསོ་ཁྱབ་རིག་ནི་སྙན་ངག་དང་། གསོ་བ་རིག་པ། མཚན་ཉིད་རིག་པའི་གཞུང་ལུགས་སོ།།
[14] བྲག་དཀར་རྟ་སོ་སྤྲུལ་སྐུ་ཆོས་ཀྱི་དབང་ཕྱུག 1775-1837

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་བ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅།   །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌།   །རྟག་ཏ...