Wednesday, July 19, 2017

ཆོས་མཐུན་འཆང་བཟའི་མཇུག་ཏུ་དམ་ཚིག་གཙང་མས་སྐྱོང་དགོས་པར་གདམས་པ།

མཛད་པ་པོ། ཤར་པ་བླ་མ་སངས་རྒྱས་བསྟན་འཛིན། ༡༩༢༤-༡༩༩༠ 
ནེ་ཤར་ལོ་རྒྱུས་ཇོ་གླང་གངས་འོད་ནས་ཟུར་བཀོལ་ཞུས།

ཤར་པའི་ལུགས་སྲོལ་ཤེས་ནས་སྐྱོང་བ་ནི་ཤིན་ཏུ་ལེགས་པ་ཡིན། མི་རིགས་རང་རང་གི་ལུགས་སྲོལ་མི་ཤེས་པ་དང་། ཤེས་ཀྱང་སྤོང་བ་ནི་མི་རིགས་ཀྱི་ཐ་ཤལ་ཆོས་དང་འཇིག་རྟེན་གཉིས་ཀ་ལས་ཉམས་པའི་རྟགས་ཡིན་ནོ། །གཏམ་དཔེ་ལས། ར་ར་ས་དང་ལུག་ལུག་ས་བཟུང་ན་དགའ། ཟེར་བ་ཡོད། དེ་མིན་ར་མགོ་ལུག་སྦྱར་དང་། རྒྱ་མིན་བོད་མིན་བྱེད་པ་ནི་ཐན་དང་ལྟས་ངན་གྱི་སྣ་འདྲེན་ཡིན་པར་བཤད་དོ།། དེ་ལྟར་ཡིན་པ་ཡང་། སྔོན་གྱི་མཁས་པ། ལྷ་ཆོས་དང་མི་ཆོས། ཡ་རབས་དང་མ་རབས། བཟང་པོ་དང་ངན་པ། བདེ་བ་དང་ཕུང་བ་སོགས་ཤན་འབྱེད་པའི་དབང་པོར་གྱུར་པ་རྣམས་ཀྱིས་འདི་ལྟར་གསུངས་ཏེ།

འཇིག་རྟེན་ཁམས་ན་ཡ་རབས་དང་།།
མ་རབས་སྤྱོད་པ་གཉིས་ལས་མེད།།
ཡ་རབས་སྤྱོད་པས་འདི་ཕྱིར་བདེ།།
མ་རབས་སྤྱོད་པས་འདི་ཕྱིར་ཕུང་།།
སྔོན་གྱི་བསོད་ནམས་མཐུ་ཆུང་ན།།
ངན་པ་ཟིན་ཅིང་བཟང་པོ་ཤོར།།
ཕ་མ་སློབ་དཔོན་རྒན་རབས་དང་།།
ཕན་བྱེད་རྣམས་ལ་དྲིན་གཟོ་དགོས།།
དེ་མེད་ལྷ་ཁྲེལ་སྲུང་མ་ཁྲོས།།
མགོན་སྐྱབས་བྲལ་བས་དོན་མི་འགྲུབ།།
ཞིང་བཟང་ས་བོན་གྲུང་པོ་བཞིན།།
བསོད་ནམས་བསགས་ན་དོན་ཀུན་འགྲུབ།།
མ་རབས་རྣམས་ཀྱི་ནང་དུ་ནི།།
ཡ་རབས་སྤྱོད་པ་གསལ་མི་འགྱུར།།
ས་འདི་མ་རབས་ཀྱིས་གང་ཡང་།།
རང་ཉིད་ཡ་རབས་སྤྱོད་པ་བྱ།།
ཡ་རབས་དམ་པའི་སྤྱོད་པ་ཡི།།
རྩ་བ་བློ་དང་ཟུང་ཐུབ་ཡིན།།
ཁྲེལ་དང་བག་ཡོད་དྲང་དང་བརྟན།།
བྱས་ཤེས་ཕན་བརྩོན་སྡོང་སོགས་ཡིན།།
མི་ཤེས་པ་དང་མ་བརྟགས་པ།།
འདི་ཡིས་འཇིག་རྟེན་སྐྱེ་བོ་ཕུང་།།
དེ་ཕྱིར་བཟང་ངན་བྱ་བའི་རིགས།།
མཐོང་ཐོས་མང་བ་གནད་དུ་ཆེ།།
མཐོང་རྒྱ་བཟང་ཤོང་ངན་ཤོང་ཞིག།
བྱུང་ཚེ་ད་གདོད་མི་གྲལ་ཚུད།།
མཁས་ལ་དྲིས་ཤིང་དཔེ་ལ་བལྟ།།
བློ་གྲོས་རྒྱས་ན་སྤྱོད་བཟང་འཕེལ།།
རང་ལས་གཅེས་པ་གཞན་ན་མེད།།
དེ་ཕྱིར་རང་གི་སྐྱོན་ཡོན་སོམས།།
ཡོན་ཏན་ཀུན་ཚང་སྔར་མིན་ཡང་།།
སྦྱང་བརྩོན་གོམས་ན་མཁས་པར་འགྱུར།།
མཁས་པ་ཟུང་ཐུབ་ཡིད་བརྟན་གནས།།
མི་ཆོས་རྩ་བ་མི་བསླུ་མཆོག།
ལུས་ཟུང་ཐུབ་པ་སེངྒེ་འདྲ།།
ངག་ཟུང་ཐུབ་པ་དྲང་སྲོང་འདྲ།།
ཡིད་ཟུང་ཐུབ་པ་ནོར་བུ་འདྲ།།
དེ་ལྟར་གནས་པ་དམ་པ་ཡིན།།
ཁྲེལ་ཡོད་ལུགས་གཉིས་གོས་བཟང་ཡིན།།
ངོ་ཚ་བྲལ་བ་ཁྲེལ་མེད་ཡིན།།
ལུགས་གཉིས་བླང་དོར་རྒྱབ་ཏུ་བསྐྱུར།།
གྲགས་ཉམས་རྒྱུ་སྒྲུབ་བླུན་པོ་ཡིན།།
ལུགས་གཉིས་བྱ་བཟང་མི་འཆོལ་བར།།
ཚུལ་བཞིན་གཟོབ་པ་བག་ཡོད་ཡིན།།
བྱིས་པ་མནོག་ཆུང་རྩེད་མོས་བསླུ།།
དར་མ་ཆགས་སྡང་ཡུལ་གྱིས་བསླུ།།
རྒན་པ་ལུས་སེམས་རྒུད་པས་བསླུ།།
བག་མེད་ནམ་ཡང་བསླུ་བར་འགྱུར།།
འདོད་དང་རྨོངས་པས་བསླུས་གྱུར་ན།།
འཇིག་རུང་འཁོར་བའི་འདམ་དུ་ལྷུང་།།
ཡིད་བརྟན་མེད་བཞིན་འབྱུང་འགྱུར་གནས།།
མི་སེམས་བག་བརྐྱངས་གནས་མི་རུང་།།
དེ་བས་མི་རྟག་མཐའ་བཞིའི་ཚུལ།།
ལེགས་པར་བསམས་ཏེ་བག་ཡོད་བྱ།།
མཁས་རྣམས་ཉི་མ་རེ་རེར་ཡང་།།
ཆོས་དང་ནོར་དང་འདོད་དང་ཐར།།
སྡེ་བཞིའི་དོན་ཆེན་ལྷུར་བླངས་པས།།
ནམ་ཞིག་འདོད་དོན་བསམས་པ་འགྲུབ།།
སྤྱང་པོ་སྤྱང་མཐར་མ་ཕྱིན་པར།།
སྤྱང་པོ་འཆོལ་བ་ཁྲམ་པའི་རྒྱུ།།
དོན་མེད་མགོ་བདེ་ཁོང་ཡངས་ཀྱང་།།
ཕན་མེད་གནོད་མེད་རྒྱ་མཚོའི་རྡོ།།
ཅི་བྱ་ཇི་བྱེད་ས་མཚམས་སུ།།
བསླུ་མེད་རྒྱལ་བའི་བཀའ་ཡིན་དེ།།
མཚན་ལྡན་དགེ་བའི་བཤེས་གཉེན་ཡང་།།
དེ་ནས་རང་སེམས་གཙང་མ་ཡིན།།
གསུམ་པོ་འདི་མིན་གཞན་གྱི་ངག།
ཞེ་འདོད་ངན་པས་བསླད་པ་ནི།།
གཉེན་དང་གཉེན་མིན་ཅི་ཡང་རུང་།།
དེ་ལ་ཆ་འཇོག་མི་རུང་ངོ་།།
འགྱོད་མེད་ཡིད་འོང་དགའ་བ་ཡི།།
ཟླ་བ་དྲི་མ་མེད་པའི་གཟུགས།།
བག་ཡོད་ཆུ་གཏེར་ཆེ་ལས་འབྱུང་།།
དེས་ན་བག་ཡོད་བྱེད་དགོས་སོ།།
དྲང་པོ་ལྷ་ཡི་ལམ་ཡིན་ལ།།
མི་དྲང་གྱ་གྱུ་འདྲེ་ཡི་ལམ།།
དྲང་པོའི་ལམ་ནས་ལྷ་ཡུལ་བསླེབ།།
གྱ་གྱུའི་ལམ་ནས་འདྲེ་ཡུལ་བསླེབ།།
ལྷ་ཡི་ཡུལ་དུ་བདེ་འབྱོར་ཡོད།།
སྡུག་བསྔལ་དབུལ་ཕོངས་འདྲེ་ཡུལ་ཡོད།།
བདེ་སྡུག་བླང་དོར་བྱེད་པ་ལ།།
རང་གཞན་ཁྱད་མེད་ཤེས་པར་གྱིས།།
དྲང་པོ་དགྲ་རུ་གྱུར་ཀྱང་བླ།།
མི་དྲང་གཉེན་དུའང་འགྱུར་མི་རུང་།།
དྲང་པོ་འགྲོགས་པས་ནམ་ཡང་བདེ།།
མི་དྲང་འགྲོགས་པས་ཅི་ནས་ཕུང་།།
གང་ཞིག་བྱས་པ་མི་གཟོ་བ།།
དེ་ལ་བློ་དང་ཟུང་ཐུབ་མེད།།
ཁྲེལ་དང་བག་ཡོད་དྲང་སོགས་ཀྱི།།
ཡོན་ཏན་མེད་པར་ཤེས་པར་བྱ།།
གཞན་ལ་ཕན་པར་བརྩོན་པ་ནི།།
རང་ཉིད་ཕུན་སུམ་ཚོགས་པའི་རྒྱུ།།
དཔལ་དང་འབྱོར་བ་རྒྱ་ཆེན་ཡང་།།
འདི་ལས་འབྱུང་ཞིང་འདི་ཡིས་འགུག།
རང་དོན་འབའ་ཞིག་གཉེར་བ་ནི།།
ཇེ་བས་ཇེ་དམའ་དག་ཏུ་འགྱུར།།
སྐྱེ་བོ་མཁས་པ་རང་དོན་ལ།།
དགའ་ཡང་གཞན་དོན་གཙོ་བོར་གཉེར།།
དད་པ་ཆོས་ཀྱི་རྩ་བ་སྟེ།།
ཡང་དག་དད་པས་བསོད་ནམས་འཕེལ།།
དད་པ་ཡིད་བཞིན་ནོར་བུ་སྟེ།།
དགོས་འདོད་ཆར་འབེབས་བསམ་དོན་འགྲུབ།།
དད་པའི་གནས་ནི་དཀོན་མཆོག་གསུམ།།
བསླུ་བ་མེད་ཕྱིར་ཀུན་གྱི་བསྟེན།།
བྱ་བ་ཆེ་ཕྲ་གང་བྱེད་ཀྱང་།།
དེ་ལ་བློ་བཅོལ་ནང་པའི་ལུགས།།
ལས་འབྲས་བསམས་ཤིང་གཞན་ཕན་བློས།།
ལུགས་གཉིས་བྱ་བ་ཟུང་འབྲེལ་དུ།།
བསྐྱངས་ན་སུ་ཡང་ཆེན་པོའི་སར།།
བསླེབས་པར་གྱུར་ལ་སོམ་ཉི་བྲལ།།
གཏོང་ཕོད་འབྱོར་བ་འཕེལ་བའི་རྒྱུ།།
ཡིན་ཡང་རྨོངས་པས་ཟད་པར་དོགས།།
འདི་ནི་ཚེ་དང་གྲགས་པ་དང་།།
དཔལ་དང་བདེ་འཕེལ་སྒོ་ཡང་ཡིན།།
དེ་ལྟར་བློ་ལྡན་ཟུང་ཐུབ་དེས།།
ཁྲེལ་དང་བག་ཡོད་ཚུལ་གྱིས་ནི།།
དྲང་དང་བརྟན་པའི་གཞི་བཟུང་ནས།།
བྱས་པ་ཤེས་ཤིང་ཕན་པར་བརྩོན།།
འདི་ནི་ཆོས་མཐུན་འཆང་བཟའི་མཇུག།
དམ་ཚིག་གཙང་མས་སྐྱོངས་ཤིག་ཅེས།།
བཀྲ་ཤིས་ཚིགས་བཅད་དམ་པ་ཡིན།།
དེས་ཀྱང་དོན་གྲུབ་བཀྲ་ཤིས་ཤོག།
ཅེས་པ་འདི་ནི་ནེ་བོད་ཁམས་གསུམ་གྱི་ཁོངས་གཏོགས། ཤར་བླ་སངས་བསྟན་པས་སོ།། 
མཆན། - ཤར་བླ་སངས་བསྟན་ནི། ཤར་པ་བླ་མ་སངས་རྒྱས་བསྟན་འཛིན་ནམ། ཡོངས་གྲགས་སུ་སེར་ལོ་དགེ་བཤེས་དང་། གསེར་དགོན་སངས་རྒྱས་བསྟན་འཛིན་ཞེས་ཀྱང་གྲགས། ནེ་བོད་ཁམས་གསུམ་གྱི་ཁོངས་གཏོགས་ཞེས་པ་ནི། སྤྱིར་བལ་ཡུལ་གྱི་ཤར་བ་རྣམས། ཆབ་འབངས་ནེ་པཱལ་གྱི་མངའ་འོག་ཏུ་གཏོགས་ཤིང་། མི་རིགས་བོད་པ་དང་། བརྒྱུད་ཁུངས་ཁམས་ནས་ཡིན་པའི་དོན་བསྟན་པ་ཡིན།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་བ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅།   །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌།   །རྟག་ཏ...