Sunday, July 16, 2017

ཤར་པ་རྣམས་ལ་ཕན་པའི་བྱ་མ་རྟ།

མཛད་པ་པོ། ཤར་པ་བླ་མ་སངས་རྒྱས་བསྟན་འཛིན། ༡༩༢༤-༡༩༩༠ 
ནེ་ཤར་ལོ་རྒྱུས་ཇོ་གླང་གངས་འོད་ནས་ཟུར་བཀོལ་ཞུས། 

གུ་རུ་ཡིད་བཞིན་ནོར་བུར་ཕྱག་བཙལ་ནས།།
ཤར་པ་རྣམས་ལ་ཕན་པའི་གྲོས་ཤིག་འདེབས།།
ཆོས་འབྱུང་མེས་རབས་ཚུལ་དུ་བཤད་ཟིན་ཀྱང་།།
ལ་ལས་གོ་དཀའ་འཕྲལ་ཕན་འདི་རྣམས་ཡིན།།


ཤར་པའི་མི་ཀུན་སྐྱིད་སྡུག་མཉམ་འཁུར་ཡིན།།
ཁེ་ཕམ་རྒྱལ་ཁ་མ་རྩོད་དོན་དགོས་ཆུང་།།
འཐབ་རྩོད་འཕྱ་སྨོད་ཉུང་ལ་ཕན་ཐོགས་གྱིས།།
དེ་ལྟར་བྱས་ན་ཤར་བ་ཡར་བསྐྱེད་
[1]ཡོང་།།

ཁྱད་པར་བཟའ་ཚང་སྐྱིད་སྡུག་གཅིག་འདྲེས་ཡིན།།
བློ་སེམས་མཐུན་ན་སེམས་བདེ་ལུས་ཀྱང་སྐྱིད།།
ཁ་འཐབ་མང་ན་ལུས་འཁྲུགས་སེམས་སྡུག་འཕེལ།།
འདུས་པ་ཡུད་ཙམ་ཡིན་པས་སྐྱིད་དགར་བརྩོན།།


ཤར་པ་བསྲུང་འདོད་ཤར་བ་མཐུ་བསྡོངས་[2]དགོས།།
མིན་མཐུན་སྤོངས་ལ་བློ་སེམས་ཆིག་འདྲིལ་གྱིས།།
སུ་ཡང་རང་སྐྱ་ཕེར་བ་མི་ཡོང་བས།།
རང་སྲུང་རོགས་སྲུང་མཉམ་དུ་བྱས་ན་ལེགས།།


ཕན་བཏགས་མི་ལ་དྲིན་གཟོ་ངེས་པར་གྱིས།།
བཟང་ངོ་མེད་ན་རྗེས་ནས་ཕན་མེད་གནོད།།
མི་ངན་བླུན་པོ་འོས་ཚོད་ཐབས་ཀྱིས་གདུལ།།
ངན་པ་རང་དབང་ཆེ་ན་ཡུལ་དེ་ཕུང་།།


ཕྲན་བུའི་རྐྱེན་གྱིས་དགའ་སྐྱོ་མི་སྐྱེན་པར།།
ཕུགས་སེམས་འཇམ་ན་ཐམས་ཅད་མཛའ་བཞིན་འགྱུར།།
དབྱེན་ཁར་ཉན་པ་བུད་མེད་ངན་མ་བཞིན།།
མ་བྱེད་བློ་རྒྱུད་བརྟན་ན་ནམ་ཡང་བདེ།།


ཡོད་པོས་མེད་པར་གཡར་པོ་བྱེད་ཐུབ་དགོས།།
དེ་ལྟར་བྱས་ན་ཡོད་པོ་ཀུན་གྱིས་རྩིས།།
མེད་པོས་ཡོད་པོར་རོགས་དང་མངགས་གཞུག་དགོས།།
དེ་འདྲ་བྱུང་ན་ཡང་ཡང་གཡར་ཁུངས་རྙེད།།


རང་ཕན་རོགས་ཕན་བསམ་དཔྱད་མི་བྱེད་པར།།
རང་རོགས་འབྲེལ་མེད་ཡུལ་དེར་བག་མི་ཕེབས།།
བསམ་བཟང་ཡོན་ཏན་ཅན་གྱི་མི་མང་ན།།
ཡུལ་དེ་བདེ་ཞིང་ཡ་རབས་སྐྱེ་བོས་བསྟེན།།


བསམ་བཟང་ཡ་རབས་ཡོན་ཏན་སུས་ཀྱང་བཀུར།།
མི་མཁས་བསམ་རྒྱ་ཆུང་རྣམས་བཏང་སྙོམས་ཞོག།
སྟོན་པའི་རྗེས་ཞུགས་ཞན་ཡང་དད་པས་མཆོད།།
མ་ནུས་སྙེམས་ཆུང་
[3]སུ་ལའང་བརྙས་མི་བྱ།།

བཟང་ཕྱུག་སུ་བྱུང་རང་ཡུལ་བསོད་ནམས་ཡིན།།
དེ་ལ་ཕྲག་དོག་བྱས་ན་ཡུལ་དེ་ཕུང་།།
ངན་དབུལ་སུ་བྱུང་ཚེ་སྔོན་ལས་ཀྱིས་ཡིན།།
དེ་ལ་འཕྱ་སྨོད་བྱེད་པ་ཐ་ཤལ་ཡིན།།



རྗེ་བོ་བཀུར་ཅིང་ཡུལ་མི་བློ་མཐུན་ན།།
དཀོན་མཆོག་ཐུགས་མཉེས་མི་མང་བདེ་སྐྱིད་འཕེལ།།
རྗེ་མེད་དམངས་མེད་དགེ་མེད་སྡིག་མེད་དང་།།
དེ་གཉིས་འཆོལ་ན་ཕུངས་ཀྲོལ་ངེས་པར་འབྱུང་།།

རྐུ་ཁྲམ་རྫུན་གསུམ་སྤངས་ན་ཀུན་ཡིད་ཆེས།།
རྩིས་འཚོ་སྐྱོང་གསུམ་[4]མཁས་ན་ཀུན་དང་མཐུན།།
གསོག་གཏོང་ཚོང་གསུམ་[5]ཤེས་ན་འབྱོར་བ་འཕེལ།།
དཔའ་མཉེན་ཚོད་གསུམ་[6]ལྡན་ན་ཀུན་གྱིས་རྩིས།།

སེམས་རྒྱུད་དྲང་ན་ནམ་མཁའི་ལྷ་ཡང་མགུ།།
མི་གཤིས་བཟང་ན་ཐམས་ཅད་གཉེན་དུ་འགྱུར།།
བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།།
ཤེས་ཡོན་ཡོད་ན་རང་ཉིད་ཕུན་སུམ་ཚོགས།།

བློ་ཁོག་ཡངས་ན་འཐབ་རྩོད་ཉུང་ཞིང་སྐྱིད།།
གཞན་ཕན་བྱེད་པ་རང་གཞན་བདེ་བའི་རྒྱུ།།
དཀོན་མཆོག་དད་པ་ལེགས་པ་[7]ཀུན་གྱི་གཞི།།
བསོད་ནམས་གསོག་པ་ཅི་བསམས་འགྲུབ་པའི་རྒྱུ།།

འཆི་བ་བསམས་ཏེ་ལས་འབྲས་གང་ནུས་བརྩི།།
དགེ་སྡིག་བླང་དོར་དམ་ཆོས་ཐོས་ལས་འབྱུང་།།
དམ་ཆོས་དེ་ཡང་བླ་མ་བསྟེན་ལས་འབྱུང་།།
མི་རིགས་སུ་ལའང་ཆོས་ལུགས་རེ་རེ་འདུག།

ཤར་པ་རྣམས་ལ་ཆོས་དང་འཇིག་རྟེན་ཐད།།
རང་རང་རིགས་མཐུན་གཙོ་འཛིན་ཡོད་ན་ལེགས།།
དེ་ལྟ་ན་ནི་རྐང་ཟིན་སློབ་སྦྱོང་[8]བཅས།།
ཡར་བསྐྱེད་གོང་འཕེལ་བློ་གཏད་ཕེར་བ་ཡོང་།།

ཆོས་དང་འཇིག་རྟེན་གང་ཡང་རང་རིགས་ཀྱིས།།
སྔར་ཡོད་ཁུངས་བཟུང་ཕྱིན་ཆད་ལེགས་སྤེལ་དགོས།།
འཛམ་གླིང་གང་དུའང་ཚུལ་དེས་འཕེལ་བ་ལས།།
བཙན་གནོན་དྲག་པོས་ཆོས་སྲིད་མི་འཕེལ་ལོ།།

ཤར་པ་སྤྱི་ཡི་དབུ་འཕང་[9]མཐོ་འདོད་ན།།
ཐུན་མིན་སྐད་ཡིག་བརྡ་སྤྲོད་གཞུང་སོགས་དགོས།།
ལྷག་བསམ་དག་པས་ཆིག་འདྲིལ་མ་བྱས་པར།།
གཞན་གཡམ་བརྒྱུགས་པས་རང་ཚུགས་འཛིན་མི་ཐུབ།།

ཤར་པར་ཁུངས་དང་ལུགས་སྲོལ་ཡོད་བཞིན་དུ།།
རང་དགར་བསྡད་ན་མི་རིགས་གཞན་གྱི་ངོར།།
ངོ་ཚ་བ་དང་གཞན་གྱིས་འཕྱའ་སྨོད་བྱེད།།
འཇིག་རྟེན་གྲགས་པ་དམན་ན་གྱོང་ཆེན་ཡིན།།

མདོར་ན་ཤར་པས་དོན་རྩ་གསུམ་བཟུང་དགོས།།
དང་པོར་ཡོན་ཏན་ལེགས་པར་བྱང་བ་དགོས།།
གཉིས་པར་ཐོན་སྐྱེད་འབྱོར་བ་རྒྱས་ཐབས་དགོས།།
གསུམ་པར་ཆོས་སྲིད་ལུགས་མཐུན་སྐྱོང་བ་དགོས།།

ནེ་པཱལ་རྒྱལ་ཁབ་ཆུང་ཞིང་མི་རིགས་མང་།།
མཐའ་འཁོབ་[10]ཤར་པ་གྲངས་ཉུང་མི་རིགས་ཡིན།།
ཡོན་ཏན་ཚན་རིག་རྗེས་ལུས་ཡིན་པས་ན།།
ཤེས་བརྩོན་དྲག་པོ་ཉི་ཟླར་འགྲན་པར་མཛོད།།
ཅེས་ནེ་ཤར་གསེར་སངས་པས་བོད་རབ་བྱུང་བཅུ་བདུན་པའི་མེ་ཡོས་ཟླ་བ་ ༡ ཚེས་ ༡༢ ལ་བྲིས་པ་དགེ། །།
ཞབས་མཆན་འདེབས་མཁན། ཚེ་དབང་རིག་འཛིན།
----------------------------

[1ཡར་བསྐྱེད། - ཡར་རྒྱས་གོང་འཕེལ།
[2] མཐུ་བསྡོངས། - མཐུ་སྟོབས་དང་དཔུང་ཤུགས་མཉམ་བསྡོངས་བྱེད་པའི་དོན་ཏེ།ལས་དོན་གང་ལའང་བསམ་བློ་དང་ལུས་ངག་གི་ནུས་ཤུགས་རྡོག་རྩ་གཅིག་ཏུ་དྲིལ་བ་ལྟ་བུ།
[3] སྙེམས་ཆུང་། - སེམས་རྒྱ་ཆུང་བ་དང་། ཉམ་ཆུང་འཁོས་ཀ་ཞན་པའི་མི།
[4] རྩིས་རིག་སྐར་ནག་ལ་མཁས་པ། འཚོ་བྱེད་གསོ་རིག་ལ་མཁས་པ། གཉེན་བཤེས་ལྟ་སྐྱོང་ལ་མཁས་པ།
[5] རྒྱུ་ནོར་བསྲི་ཚགས་ཀྱིས་གསོག་ཐབས་མཁས་པ། མཁོ་དུས་འགྲོ་གྲོན་ལ་གཏོང་ཐབས་མཁས་པ། ཕར་བཙོང་ཚུར་ཉོ་ཡི་ཚོང་ལས་མཁས་པ།
[6] དགྲ་འདུལ་ཐབས་མཁས་ཀྱི་དཔའ་རྩལ་ལྡན་པ། གཉེན་སྐྱོང་འཇམ་མཉེན་གྱི་གཤིས་ཀ་ལྡན་པ། དགྲ་གཉེན་སྐྱོང་ཐབས་ལ་རན་ཚོད་ལྡན་པ།
[7] ལེགས་པ། - དགེ་ལེགས་ཀྱི་དཔལ་ཡོན།
[8] རྐང་ཟིན་སློབ་སྦྱོང་། - གཞི་ཚུགས་བརྟན་ཅིང་རང་རྐྱ་འཕེར་བའི་ཤེས་ཡོན།
[9] དབུ་འཕང་། - སྙན་གྲགས་ཆབ་དཔལ་སོགས་ཀྱི་གཟི་བརྗིད་དམ་ཁ་རྗེ་དབང་ཐང་།
[10] མཐའ་འཁོབ། - ལུང་པའི་མཐའ་མཚམས།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་བ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅།   །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌།   །རྟག་ཏ...